གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནམ་བྱཱར་གྱི་ ཊེ་བཱལ་ཊེ་ནིསི་ སྦྱོང་བརྡར་འབད་བའི་བསྒང་།

༡༠/༧/༢༠༡༣   ༉ ཐིམ་ཕུའི་ན་གཞོན་སློབ་ཕྲུག་ཚུ་གི་ གནམ་བྱཱར་ངལ་གསོ་གི་སྐབས་ལུ་ དུས་ཚོད་འཕྲོ་བརླག་མི་འགྱོ་ནིའི་དོན་ལུ་ ད་རེས་ནངས་པ་ འབྲུག་ཊེ་བཱལ་ཊེ་ནིསི་ཚོགས་སྡེ་གིས་ ཐིམ་ཕུ་ལུ་སྦེ་ ན་གཞོན་༦༠ དེ་ཅིག་ལུ ཊེ་བཱལ་ཊེ་ནིསི་སྦྱོང་བརྡར་ བྱིན་པའི་བསྒང་ཡོདཔ་ཨིན་པས།


དེ་ཡང་ སློབ་ཕྲུག་ བློ་གསར་སློབ་རིམ་ལས་ འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ཚུན་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་མི་ ཊེ་བཱལ་ཊེ་ནིསི་གི་ སྦྱོང་བརྡར་ནང་ བཅའ་མར་གཏོགས་དོ་ཡོདཔ་ད་ སྤྱི་ཟླ་༧ པའི་ཚེས་༡ ལས་འགོ་བཙུགས་མི་དེ་ སྤྱི་ཟླ་༧ པའི་ཚེས་༡༥ ཚུན་ སྦྱོང་བརྡར་བྱིན་ནི་ཨིན་པས།
ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་མི་དེ་ ལོ་ན་ཆུང་ཀུའི་བསྒང་ལས་ ན་གཞོན་སློབ་ཕྲུག་ཚུ་ལུ་ ཊེ་བཱལ་ཊེ་ནིསི་གི་ སློབ་སྦྱོང་བྱིན་མིའི་གྲས་ལས་ ལེགས་ཤོམ་སྦེ་ རྩེད་འགྲན་འབད་ཤེས་མི་དང་ རིག་རྩལ་ ཡོན་ཏན་ དེ་ལས་ ཉམས་མྱོང་ལེགས་ཤོམ་ཡོད་མི་ཚུ་ རྒྱལ་ཡོངས་ཀྱི་རྩེད་འགྲན་པ་སྦེ་ གདམ་འཐུ་འབད་ནི་ཨིན་ཟེར་ སློབ་སྟོན་འབད་མི་ ངག་དབང་རྡོ་རྗེ་གིས་ སླབ་ཨིན་པས།
ངག་དབང་དབང་རྡོ་རྗེ་གིས་ ད་རེས་ནངས་པ་ སློབ་སྟོན་ལས་རིམ་ནང་ བཅའ་མར་གཏོགས་མི་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་ནི་ལུ་ སྤྲོ་བ་དང་ དང་འདོད་སྦོམ་ཡོད་རུང་ ལོ་དང་ན་ཚོད་ཆུང་ཀུ་འབད་མི་ལུ་བརྟེན་ སློབ་སྟོན་འབད་ནིའི་ནང་ དོ་འགྲན་འབད་དགོཔ་ ལེ་ཤ་བྱུངམ་མས་ཟེར་ཨིན་པས།
དུས་ཅི་ སློབ་སྟོན་ལས་རིམ་ནང་ འགོ་ཐོག་བཅའ་མར་གཏོགས་མི་ ན་གཞོན་སློབ་ཕྲུག་༢༠ དེ་ཅིག་ལུ་ ཊེ་བཱལ་ཊེ་ནིསི་རྩེ་ནིའི་ རིག་རྩལ་དང་ གཞི་རྟེན་ཚུ་ སློབ་སྟོན་བྱིན་དོ་ཡོདཔ་ད་ ན་ཧིང་ བཅའ་མར་གཏོགས་མི་ན་གཞོན་ཚུ་ལུ་ འཕྲོ་མཐུད་ལྷབ་སྦྱང་དང་ རྩེད་འགྲན་འབད་ཐང་གི་ རིག་རྩལ་གཞན་ཚུ་ སྟོན་བྱིན་དོ་ཟེར་ བཤདཔ་ཨིན་པས།
གཞི་རྟེན་གྱི་སློབ་སྟོན་ཡང་ བཱོལ་རྐྱབ་ཐང་ལས་འགོ་བཟུང་སྟེ་ བཱོལ་གདོང་ཁ་ལུ་ རྐྱབ་ནི་དང་ ལགཔ་གིས་ རྒྱབ་ཁ་ལས་སྦེ་ བཱོལ་རྐྱབ་ཐང་ བཱོལ་བཀོ་ཐང་ དེ་ལས་ བཱོལ་ཚུར་ལེན་ཏེ་ རྐྱབ་ཐང་ཚུ་གི་སྐོར་ལས་ སྦྱོང་བརྡར་འབད་དོ་ཡོདཔ་མ་ཚད་ གཟུགས་སྤར་ཐང་ཚུ་ཡང་ སྟོན་བྱིན་དོ་ཡོདཔ་ཨིན་པས།
སློབ་སྟོན་འབད་མི་ཅིག་གིས་ འབད་བ་ཅིན་ སྐྱེས་ལོ་༦ ལས་༨ འབད་མི་ཚུ་ སློབ་སྟོན་འབད་ནི་ལུ་ དོ་འགྲན་ཡོད་པའི་ཁར་ བཱོལ་རྐྱབ་ཤེས་ཚུགས་ནི་ལུ་ ཉིནམ་དག་པ་ཅིག་འགོར་ནི་ཨིན་རུང་ སློབ་ཕྲུག་གཞན་ཚུ་གིས་ ཧ་ལམ་ གཞི་རྟེན་དེ་ ཤེས་ཡོདཔ་ལས་ རྩེད་འགྲན་འབདཝ་ད་གི་ ལམ་ལུགས་ཚུ་གི་སྐོར་ལས་ སྟོན་དོ་ཟེར་ སླབ་ཨིན་པས།
བློ་གསར་སློབ་རིམ་ནང་ དཔེ་ཆ་ལྷབ་མི་ ཟླ་བ་དཔལ་འབྱོར་དེ་ ལོ་༦ ལས་བརྒལ་མ་སོང་རུང་ ཊེ་བཱལ་ཊེ་ནིསི་རྩེད་འགྲན་འབད་ནི་ལུ་ སྤྲོ་བ་སྦོམ་ཡོདཔ་ལས་ ལྷབ་པར་འོང་ཡོདཔ་ད་ ཁོ་གིས་ འབད་བ་ཅིན་ ད་ལྟོ་ བཱོལ་ག་དེ་སྦེ་ རྐྱབ་ནི་ཨིན་ན་ར་ མི་ཤེས་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ ལུང་བསྟན་ཟམ་པ་ འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་༨ པའི་སློབ་ཕྲུག་ངག་དབང་དཔལ་སྒྲོན་གྱིས་ འབད་བ་ཅིན་ ཊེ་བཱལ་ཊེ་ནིསི་ ལྷབ་སྦྱང་འབད་ནི་ལུ་ སྤྲོ་བ་སྦོམ་ཡོདཔ་མ་ཚད་ ཤུལ་ལས་ འབྲུག་ཊེ་བཱལ་ཊེ་ནིསི་ཚོགས་པ་ནང་སྦེ་ རྒྱལ་ཡོངས་ཀྱི་རྩེད་འགྲན་འབད་དེ་ རྒྱལ་ཁབ་ཀྱི་ མིང་གཏམ་སྦོམ་བཟོ་ནིའི་འཆར་གཞི་ཡོདཔ་ལས་ བཅའ་མར་གཏོགས་དོ་ཟེར་ཨིན་པས།
འགོ་འདྲེན་འཐབ་མི་ འབྲུག་ཊེ་བཱལ་ཊེ་ནིསི་ཚོགས་པ་ལས་ སློབ་སྟོན་པ་ གྲགས་ལ་འཕྲིན་ལས་ཀྱིས་འབད་བ་ཅིན་ ན་གཞོན་ཚུ་ དུས་ཚོད་འཕྲོ་བརླག་མི་འགྱོ་ནི་དང་ ཆང་དང་སྨྱོ་རྫས་ དེ་ལས་ བྱ་ངན་ནང་ བཅའ་མར་གཏོགས་ནི་ལས་ བཀག་ཐབས་ཀྱི་དོན་ལུ་ འབྲུག་ཨོ་ལིམ་པིག་དང་ འབྲུག་ཊེ་བཱལ་ཊེ་ནིསི་ཚོགས་སྡེ་༢ མཐུན་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་དོ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment