གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་སྲུང་འགག་པའི་ སྤེལ་དཔོན་ཅིག་ལུ་ ཨར་རྐུན་གྱི་བཙོན་ཁྲིམས།

༤/༧/༢༠༡༣   ༉ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ སྣུམ་འཁོར་ཚུ་ནང་ལས་ ཨར་རྐུན་ཁག་མང་རབས་ཅིག་འབད་མི་ ཁྲིམས་སྲུང་འགག་པའི་ སྤེལ་དཔོན་ཅིག་ལུ་ ཁྲིམས་འཐུས་བཏབ་མ་ཆོག་པའི་ བཙོན་ཁྲིམས་ལོ་༣ བཀལ་ནུག།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡ ལུ་ ཁྲིམས་ཁྲི་༣ པ་གིས་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ མོང་སྒར་ཙ་ཀ་གླིང་ལས་ཨིན་མི་ ཁྲིམས་སྲུང་འགག་པའི་སྤེལ་དཔོན་ འཇིགས་མེད་ཀྱིས་ ཐིམ་ཕུ་ལུ་ དུས་མཉམ་སྦེ་མེན་པར་ མི་ལེ་ཤ་ཅིག་གི་ སྣུམ་འཁོར་སྒོ་ཕྱེ་ཞིནམ་ལས་ དངུལ་རྐྱང་དང་ ཅ་ཆས་མང་རབས་ཅིག་ ཨར་རྐུན་འབད་ཡོདཔ་ཨིན་པས།



སྤེལ་དཔོན་དེ་གིས་ ཉམས་རྒུད་པ་ཅིག་གི་ སྣུམ་འཁོར་ནང་ལས་ བྱུ་རུ་དམརཔོ་ཤལ་༡ དང་ གཟི་མིག་ཏོ་གསུམ་འབད་མི་༡ གསེར་གྱི་རྡོ་རྗེ་༢ དང་ དངུལ་གྱི་རྡོ་རྗེ་༢ དེ་ལས་ དངུལ་ཀྲམ་༥,༠༠༠ ཨར་རྐུན་འབད་ཡོདཔ་ཨིན་པས།
ད་རུང་ ཉམས་རྒུད་པ་གཞན་ཅིག་གི་ སྣུམ་འཁོར་ནང་ལས་ དངུལ་ཀྲམ་༡༠༠,༠༠༠ དང་ གཞན་ཅིག་ལས་ ཡུ་ཨེསི་ཌོ་ལར་༥༢༠ དང་ ནེ་པཱལ་གྱི་ རུ་པི་༥༠༠ རྒྱ་གར་གྱི་ རུ་པི་༡,༥༠༠ མཱ་ལ་ཤི་ཡའི་རིང་གཱེཊ་༥ དང་ དངུལ་ཀྲམ་༡༥,༠༠༠ དེ་ལས་ ཉམས་རྒུད་པ་གཞན་ཅིག་གི་ སྣུམ་འཁོར་ནང་ལས་ དངུལ་ཀྲམ་༥༥,༠༠༠ ཨར་རྐུན་འབད་ཡོདཔ་ཨིན་པས།
ཉམས་རྒུདཔ་ག་ར་གི་ ཅ་ཆས་དང་ ཏི་རུ་ཚུ་ རྩིས་ཕབ་པའི་སྐབས་ དངུལ་ཀྲམ་ཡོངས་བསྡོམས་༧༧༢,༡༠༠ གནས་མི་དེ་ སྤེལ་དཔོན་འཇིགས་མེད་ཀྱིས་ ཨར་རྐུན་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།
སྤེལ་དཔོན་འཇིགས་མེད་དེ་ སྤྱི་ལོ་༢༠༡༢ ཟླ་༦ པའི་ཚེས་༤ ལུ་ འཛིན་བཟུང་འབད་ཡོདཔ་ཨིན་རུང་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡༥ ལུ་ གནས་སྐབས་ཅིག་ དོ་དམ་འོག་ལས་ བཏང་ཡོདཔ་ད་ ཟླ་༧ པའི་ཚེས་༡ ལུ་ འཁྲུན་ཆོད་གནང་པའི་ཉིན་མར་ ལོག་འཛིན་བཟུང་འབད་དེ་ བཙོན་ནང་བཏང་ཡོདཔ་ཨིན་པས།
སྤེལ་དཔོན་འཇིགས་མེད་ཀྱིས་ ཨར་རྐུན་འབད་མི་ ཏི་རུ་ཚུ་གིས་ མཁོ་སྒྲུབ་འབད་ཡོད་མི་ སྣུམ་འཁོར་ཨཱལ་ཊོ་ ང་ ལེནཌི་ཀུ་རུ་ཛར་ རྐང་འཁོར་བཱ་ཡེག་ཚུ་ ཁྲིམས་འདུན་གྱིས་ མི་མང་ཚོང་སྒྱུར་འཐབ་ཐོག་ལས་ དངུལ་ཀྲམ་བསྡོམས་༥༡༠,༠༠༠ ཐོབ་མི་དང་ ཁོ་གི་མིང་ཐོག་ཁར་ འབྲུག་གི་དངུལ་ཁང་གི་ རྩིས་ཁྲ་ནང་ཡོད་མི་ དངུལ་ཀྲམ་༣༡,༠༠༠ བཅས་ དངུལ་ཀྲམ་བསྡོམས་༥༨༠,༨༩༤ དེ་ ཉམས་རྒུད་པ་ཚུ་ལུ་ སོར་ཆུད་འབད་ནི་ཨིན་པས།
དེ་གི་ལྷག་ལུས་དངུལ་ཀྲམ་༡༩༡,༢༠༥ དེ་ རྩོད་ཟླ་འཇིགས་མེད་ཀྱིས་ འཁྲུན་ཆོད་གནང་བའི་ཉིནམ་ལས་ འགོ་བཟུང་སྟེ་ ཟླ་ངོ་༣ གྱི་ནང་འཁོད་ལུ་ ཉམས་རྒུད་པ་ཚུ་ལུ་ ཁྲིམས་འདུན་བརྒྱུད་དེ་ སྤྲོད་དགོཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་ཟླ་འཇིགས་མེད་ལུ་ ཁྲིམས་མཐུན་འོང་འབབ་དང་ ཆ་ཚད་མ་སྙོམས་པའི་ ཏི་རུ་དང་ རྒྱུ་དངོས་བདག་དབང་འབད་ཡོད་པའི་ ཉེས་འཛུགས་བཀོད་མི་དེ་ ཁྲིམས་འདུན་ལས་ ཕྱིར་འབུད་བཏང་ནུག།
ཨིན་རུང་ ཁྲིམས་འདུན་གྱིས་ དབྱེ་ཞིབ་མཐིལ་ཕྱིན་འབདཝ་ད་ ཨར་རྐུན་མང་རབས་ཅིག་འབད་དེ་ཐོབ་མི་ མ་དངུལ་ཚུ་ གསོག་འཇོག་འབད་དེ་བཞག་ཡོད་པའི་ཁར་ རྒྱུ་དངོས་ཚུ་ཡང་ ཨར་རྐུན་ལས་ཐོབ་པའི་ ཏི་རུ་གིས་སྦེ་ མཁོ་སྒྲུབ་འབད་ཡོདཔ་ ངེས་བདེན་ཨིན་པའི་ ངོས་འཛིན་བྱུང་ཡི་ཟེར་ འཁྲུན་ཆོད་ནང་བཀོད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment