གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༦/༧/༢༠༡༣   གནས་སྟངས་སྐྱོ་དྲགས་འགྱོ་ནི་ལས་ ཚ་གྱང་ཞི་ཡོདཔ།
༉ སྤྱི་ཟླ་༧ པའི་ཚེས་༣ ལུ་ ལྷོ་ཐིམ་ཕུ་འདེམས་ཁོངས་ཀྱི་ མི་མང་རྩོད་བསྡུར་ནང་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་གིས་ ཚོགས་པ་ལུ་བརྟེན་ཏེ་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་ གནོད་སྐྱོན་རྐྱབ་ཡོད་པ་ཅིན་ ཚོགས་པ་དེ་ རྒྱབ་བཤུད་རྐྱབ་དགོཔ་ འཐོན་ནི་མས་ཟེར་ སླབ་ཞིནམ་ལས་ཚུར་ སྤྱིར་བཏང་བཙག་འཐུ་ག་དེ་སྦེ་ འགོ་འདྲེན་འཐབ་ཚུགས་འོང་ག་ཟེར་ མི་མང་ལུ་ ཚ་གྱང་ལང་དགོཔ་བྱུང་ནུག།


ག་འཆརཔ་ཟེར་བ་ཅིན་ ཉིནམ་༡ གི་རྒྱབ་ལས་ ཤར་ཕྱོགས་ལུ་ འབྲུག་ཕུན་སུམ་ཚོགས་པའི་ བསྐུལ་བསྒྲགས་འབད་ནི་ཚུ་ མཚམས་འཇོག་འབད་དེ་ ཚོགས་པའི་འགོ་འཛིན་གོངམ་ཚུ་ ཐིམ་ཕུ་ལུ་ གློ་བུར་གྱི་ གྲོས་བསྡུར་འབད་བར་འོང་ཡི།
དེ་སྦེ་ འོང་དགོ་མི་དེ་ཡང་ རྒྱ་གར་གཞུང་གིས་ སྔ་གོང་ལས་ སྙན་ཞུ་ག་ནི་ཡང་མེད་པར་ ཧང་སྟོང་མར་སྦེ་ བཞེས་སྒོ་འབད་ནི་གི་ མེ་རླུང་གེསི་དང་ ས་མར་ཁུའི་ཕབ་ཆག་ཆ་མེད་བཏང་མི་དེ་གིས་ སྤྱིར་བཏང་འབྲུག་པའི་ མི་སེར་ཚུ་ལུ་ ཐོ་སྦོམ་སྦེ་ར་ ཕོག་མི་ལུ་བརྟེན་ཨིནམ་སྦེ་ བརྡ་བརྒྱུད་ལུ་ སླབ་ཡོདཔ་ཨིན།
དེ་མ་ཚད་ སྲིད་ཚོགས་དེ་གིས་ བཙག་འཐུའི་བྱ་རིམ་ནང་ བློ་ཕམ་འབྱུང་ནི་གི་ གནད་དོན་ཚུ་ ལག་ལེན་འཐབ་མིའི་སྐོར་ བསྐྱར་ཞིབ་དང་ གྲོས་བསྡུར་འབད་དེ་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་ ག་ཅི་ར་ ཐབས་ལམ་བཏོན་པ་ཅིན་ དྲག་ནི་ཨིན་ན་ ཐག་བཅད་ནིའི་དོན་ལུ་ འོང་ཡི་ཟེར་ཨིན་མས།
དེ་འབདཝ་ལས་ ལོ་རྒྱུས་སྦོམ་ཅིག་ འཐོན་ནི་མས་ཟེར་ འཐོར་གཏམ་ཁྱབ་སྤེལ་སོང་ཡོད་མི་དེ་ཡང་ སྲིད་དོན་ཚོགས་པའི་ གཙོ་འཛིན་དགོངས་ཞུ་འབད་ནི་ཨིན་ན་ ཡང་ཅིན་ སྲིད་ཚོགས་དེ་ར་ བཙག་འཐུ་བྱ་རིམ་ནང་ འབྲེལ་གཏོགས་མ་འབད་བར་ རྒྱབ་བཤུད་རྐྱབ་ནི་མས་ཟེར་ ལོ་རྒྱུས་འདྲ་མ་འདྲཝ་ལེ་ཤ་གོ་ཡི།
འདི་བཟུམ་མའི་ གནས་སྟངས་ནང་ ཐུག་པ་ཅིན་ བཙག་འཐུའི་བྱ་རིམ་དང་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་བཙག་འཐུ་དེ་ ག་དེ་སྦེ་ འབད་འོང་ག་ཟེར་ དྲི་བ་བཀོད་པའི་ཁར་ ལ་ལུ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ བཙག་འཐུ་འབད་མ་ཚུགས་པ་ཅིན་ རྩ་ཁྲིམས་ཆེན་མོ་དང་འབྲེལ་བའི་ ཚབས་ཅན་གྱི་ དུས་སྐབས་ཅིག་ འབྱུང་ནི་ཨིནམ་ལས་ ཚ་གྱང་ཡོད་ཟེར་ཨིན་མས།
དཀའ་ངལ་ཅན་གྱི་ གནས་སྟངས་འབྱུང་ཉེན་ཡོད་མི་དེ་ཡང་ རྩ་ཁྲིམས་དང་ ཡང་ཅིན་ བཙག་འཐུའི་བཅའ་ཁྲིམས་ནང་ འདི་བཟུམ་མའི་ དཀའ་ངལ་བསལ་ཐབས་འབད་ནི་གི་ དགོངས་དོན་ཚུ་ མེད་ནི་དེ་གིས་ཨིན་མས།
ཨིན་རུང་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འཛིན་གོངམ་ཚུ་གིས་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་ལྟ་སྟེ་ རྒྱབ་བཤུད་མ་རྐྱབ་པར་ བཙག་འཐུའི་བསྐུལ་བསྒྲགས་ཚུ་ འཕྲོ་མཐུད་དེ་ར་ འབད་ནི་གི་ གྲོས་ཐག་བཅད་ཡོདཔ་ལས་ བཙག་འཐུ་ལྷན་ཚོགས་དང་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཚ་གྱང་སྦོམ་ཡོད་མི་དེ་ ཞི་ཡོདཔ་ད་ ད་ལྟོ་ མི་སེར་ཚུ་གིས་ བཙག་འཐུའི་བྱ་རིམ་མཇུག་བསྡུ་ཐོག་ལས་ ཨ་རྟག་གི་ གནས་སྟངས་ནང་ ལྷོད་ནི་གི་ རེ་བ་བསྐྱེདཔ་ཨིན་མས།
ཨིན་རུང་ ད་རིས་བྱུང་མི་ གནས་སྟངས་ཀྱིས་ འཛམ་གླིང་ནང་ རྒྱལ་ཁབ་སྦོམ་ཤོས་གཉིས་ཀྱི་སྦུག་ལུ་ གནས་ཡོད་མི་ འབྲུག་བཟུམ་མའི་ སྐོབས་ཚུད་རྒྱལ་ཁབ་ཆུང་ཀུ་དེ་ནང་ གནོད་ཉེན་ག་དེ་སྦེ་ཡོདཔ་ཨིན་ན་ གསལ་སྟོན་འབདཝ་མས།
འདི་འབདཝ་ལས་ ད་ཚུན་གྱི་བར་ན་བྱུང་མི་ གནད་དོན་ཚུ་ལུ་ བསམ་ཞིབ་འབད་དེ་ མ་འོངས་གནས་སྟངས་ལེགས་བསྒྱུར་དང་ རྒྱལ་ཁབ་ཀྱི་ རང་བཙན་སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ གཅིག་སྒྲིལ་ཐོག་ ལཱ་འབད་དགོ་ཟེར་ ཞུ་ནི་ཨིན།

No comments:

Post a Comment