གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡུས་བྱ་ཚུ་ལུ་ གནོདཔ་བཀལ་མི་ དོམ་ བཟུང་ནིའི་ཐབས་ཤེས།

༦/༧/༢༠༡༣   ༉ ཁ་ཙ་ཚུན་ དགེ་ལེགས་ཕུག་གླིང་ཁའི་ ནགས་ཚལ་འགོ་དཔོན་ཚུ་དང་ རྒྱལ་ཡོངས་རི་དྭགས་སྲུང་སྐྱོབ་སྡེ་ཚན་ནང་ལས་ འགོ་དཔོན་ཚུ་གིས་ གསར་སྤང་རྫོང་ཁག་ ཆུ་གཟར་སྒང་རྒེད་འོག་ པདྨ་གླིང་གཡུས་ཚན་ནང་ མི་སེར་སོ་ནམ་པ་ཚུ་གི་ བྱ་ཚུ་ལུ་ གནོདཔ་བཀལ་མི་དོམ་ཅིག་ བཟུང་ནིའི་དོན་ལུ་ དཔའ་བཅམ་མི་དེ་ ད་རེས་རྩིསཝ་ད་ ཉིནམ་༣ ལང་ཡོད་རུང་ བཟུང་མ་ཚུགས་པར་ ཡོདཔ་ཨིན་པས།


དོམ་དེ་གིས་ སྤྱི་ཟླ་༦ པའི་ཚེས་༢༥ ལས་ འགོ་བཙུགས་ཏེ་ ཕྱི་རུ་ཨ་རྟག་ར་ གཡུས་ཁར་ཐོན་ཐོག་ལས་ གཡུས་ཚན་དེ་གི་ ཁྱིམ་གུང་༡༥ དེ་ཅིག་ལས་ གཡུས་བྱ་བསྡོམས་༣༡ དེ་ཅིག་ བསད་ཞིནམ་ལས་ ལ་ལུ་ཅིག་ཟ་ཡོདཔ་ད་ འགོ་དཔོན་ཚུ་གིས་ སྤྱི་ཟླ་༧ པའི་ཚེས་༢ ལས་འགོ་བཙུགས་ཏེ་ དོམ་བཟུང་ནིའི་ཧིང་དང་ ལྕགས་ཀྱི་དྲྭ་ཁྱིམ་ཚུ་ ས་གོ་ནང་བསྐྱལ་ཡོདཔ་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཉིནམ་དང་པའི་ནང་ ཁྱིམ་གུང་པ་དག་པ་ཅིག་གི་ ཉེ་འདབས་ལུ་ ཧིང་༢ དང་ དྲྭ་ཁྱིམ་ཅིག་བཞག་ཡོད་སར་ དོམ་དེ་འོང་ཡོད་རུང་ བྱ་༥ དེ་ཅིག་བསད་ཞིནམ་ལས་ བྱོག་ཐལ་ཡོདཔ་ད་ ཉིནམ་༢ པའི་ནང་ མ་ཐོན་རུང་ ཉིནམ་༣ པའི་ནང་ ད་རུང་ བྱ་༢ ལུ་ གནོདཔ་བཀལ་ནུག་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ གཡུས་ཚན་ནང་ དོམ་ཐོན་མི་དེ་ འགོ་དང་པ་ཨིནམ་ད་ དེ་གིས་ སྒོ་ནོར་མ་ཚད་ མིའི་སྲོག་ལུ་ཡང་ གནོད་པ་རྐྱབ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
སྐྱེས་ལོ་༦༦ ལང་མི་ ཀུན་བཟང་རྒྱལ་མཚན་གྱི་ བྱ་༢ བསད་ཟ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ གཡུས་ཁར་བྱ་ཚུ་རྫོགས་པའི་ཤུལ་ལས་ བའུ་ཅུང་ཚུ་དང་ མི་ཚུ་ལུ་ གནོདཔ་བཀལ་ནིའི་ཉེན་ཁ་ཡོདཔ་མ་ཚད་ སློབ་ཕྲུག་ཨ་ལུ་ཚུ་ལུ་ཡང་ གནོད་ཉེན་སྦོམ་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ མ་གཞི་ རི་དྭགས་སེམས་ཅན་ རི་ཕག་དང་ ཀ་ཤ་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལཝ་ཨིན་རུང་ ཁོང་ཚུ་ མི་གིས་གདོང་ལེན་འབད་ཚུགས་མི་ཅིག་ཨིནམ་ལས་ དཀའ་ངལ་སྦོམ་མེད་རུང་ གཅན་གཟན་ཚུ་ ལཱ་ཁག་འདུག་ཟེར་ཨིན་པས།
དེ་མ་ཚད་ དོམ་དེ་གིས་ གཡུས་ཁར་འོང་སྟེ་ གནོདཔ་བཀལ་དོ་ཡོདཔ་ལས་ མདའ་རྐྱབ་ཚུགས་ནི་ཨིན་རུང་ ཁྲིམས་དང་མ་མཐུན་ནི་དེ་གིས་ འབད་ཐབས་མིན་འདུག་ཟེར་ཨིན་པས།
པདྨ་གླིང་ཚོགས་པ་ པདྨ་དོན་གྲུབ་ཀྱིས་ སླབ་མིའི་ནང་ དཀའ་ངལ་དེ་ གནོད་དོན་སྦོམ་ཅིག་ཨིནམ་ལས་ མགྱོགས་པ་ར་ ཐབས་ཤེས་ཚུ་ བཏོན་དགོཔ་འདུག་ཟེར་ཨིན་པས།
ད་རེས་ནངས་པ་ མི་སེར་སོ་ནམ་པ་ཚུ་གིས་ རང་སོའི་བྱ་ཚུ་ སྲུང་སྐྱོབ་ཀྱི་དོན་ལུ་ སྡོད་སའི་ཁྱིམ་ནང་ བཙུགས་བཞག་དོ་ཡོདཔ་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དོམ་དེ་ སྤང་དོམ་ཨིན་མས་ཟེར་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་སླབ་མི་དང་འཁྲིལཝ་ད་ སྤང་དོམ་དེ་ཚུ་ གཟུགས་ཆུང་ཀུ་སྦེ་ ལྗིད་ཚད་ཀེ་ཇི་༨༠ དང་༡༣༠ གི་བར་ན་དང་ རིང་ཚད་ཕིཊ་༤ དང་༧ གི་བར་ན་ འོང་དོ་ཡོདཔ་ད་ ལ་དོམ་དེ་ ཀེ་ཇི་༨༠ དང་༡༨༠ གི་བར་ན་ ཐོན་དོ་ཡོདཔ་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ དོམ་དེ་མཐོང་ཡོདཔ་ད་ ཁོང་གིས་ སླབ་མིའི་ནང་ ཕོག་ཚད་སྦེ་བལྟ་བ་ཅིན་ དོམ་དེ་ ཀེ་ཇི་༨༠ དེ་ཅིག་ འཐོན་ནི་ཨིནམ་ད་ རིང་ཚད་དེ་ ཕིཊ་༤ དེ་ཅིག་ འོང་ནི་བཟུམ་འདུག་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དོམ་དེ་ ན་ཚོད་རྒས་སུ་ཅིག་ འོང་ནི་བཟུམ་འདུག་ཟེར་ཨིནམ་ད་ གཡུས་ཁ་ལས་ ལྟོ་འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་ནི་དེ་གིས་ འོང་འོངམ་བཟུམ་ཅིག་འདུག་ཟེར་ཨིན་པས།
དགེ་ལེགས་ཕུག་གླིང་ཁའི་ གླིང་འཛིན་འགོ་དཔོན་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ དོམ་དེ་གཞོནམ་ཨིན་པ་ཅིན་ ནགས་ཚལ་ནང་ར་ འཁྱམས་སྡོད་དོ་ཡོདཔ་ད་ ས་ཁ་དམའ་སར་འོང་རུང་ མི་སྡོད་སའི་ ས་ཁོངས་ཚུ་ནང་ མི་འོང་ཟེར་ཨིན་པས།
དོམ་དེ་བཟུང་ནིའི་དོན་ལུ་ ཁ་ཙ་ རྒྱལ་ས་ལས་ལྷོད་མི་ ཧིང་༢ ཧེང་སྐལ་ཡོདཔ་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དོམ་དེ་ རི་དྭགས་སེམས་ཅན་ གླངམོ་ཆེ་དང་ སྟག་ ནོར་བུ་བསི་ལི་ཚུ་བཟུམ་སྦེ་ མཐོ་དེབ་དང་པའི་ནང་ཚུད་བཞིན་དུ་ ཆེ་རིམ་དབང་འཛིན་ཚུ་ལས་ བཀའ་རྒྱ་ཡོདན་མ་གཏོགས་ ཀྲོབ་མདའ་རྐྱབ་སྟེ་ བསད་མི་ཆོག་ཟེར་ཨིན་པས།
ཨིན་རུང་ དོམ་དེ་བཟུང་ཞིནམ་ལས་ ཉེན་སྲུང་དང་ལྡན་པའི་ས་ཁོངས་ནང་ གཏང་ནི་ཨིན་ཟེར་ ནགས་ཚལ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment