གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགྲ་མེད་རྩེ་ལུ་ ཧུམ་ཅུང་རྩྭའི་མར་ཁུ་ ཐོན་སྐྱེད་འབད་དོ་ཡོདཔ།

༡༦/༧/༢༠༡༣   སློབ་ཕྲུག་ཚུ་གི་དོན་ལུ་ ལྷན་ཐབས་འོང་འབབ་བཟོ་ནི་གི་ གོ་སྐབས་ཅིག་ཨིན་མས།
༉ ཁ་ཙ་ མོང་སྒར་དགྲ་མེད་རྩེ་ལུ་འགྱོ་སའི་ ཡན་ལག་སྣུམ་འཁོར་ལམ་གྱི་རྩ་བར་ གནས་སྐབས་ཀྱི་ལཱ་འབད་མི་ སློབ་ཕྲུག་༡༠ དེ་ཅིག་གིས་ ལེ་མཱོན་ཟེར་མི་ ཧུམ་ཅུང་རྩྭ་བསྡུ་བསྒྱོམ་འབད་དེ་ མར་ཁུ་བཙིར་འཕྲུལ་ས་ཁོངས་ནང་ སྐྱེལཝ་ཨིན་པས།
སློབ་ཕྲུག་བུཚ་ཚུ་གིས་ ཧུམ་ཅུང་རྩྭ་ཚུ་ མར་ཁུར་བཙིར་འཕྲུལ་ས་ཁོངས་ནང་ འབག་སྐྱེལ་བའི་བསྒང།


དེ་ཡང་ ཚེ་རིང་དབང་ཕྱུག་དེ་ བཀྲིས་སྒང་དང་ མོ་སྒར་རྫོང་ཁག་གཉིས་ལས་ འཐུས་མི་ཚུ་ཡོད་མི་ ཧུམ་ཅུང་རྩྭ་མར་ཁུའི་མཉམ་ལས་ཚོགས་པའི་ འཛིན་སྐྱོང་པ་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ མ་གཞི་ ཧུམ་ཅུང་རྩྭའི་ མར་ཁུ་བཙིར་ནིའི་ལཱ་དེ་ འདས་པའི་བདུན་ཕྲག་ནང་ལས་ འགོ་བཙུགས་ཅི་ཟེར་ཨིན་པས།
ས་ཁོངས་ནང་ལཱ་འབད་མི་ཚུ་ མོང་སྒར་དང་ བཀྲིས་སྒང་གི་ གཞུང་ལམ་རྩ་བར་ ཆུ་ཤོག་གི་ གུར་ཧོནམོ་ཅིག་སྤུབས་ཏེ་ སྡོདཔ་ཨིན་པས།
གནམ་གཤིས་གནས་སྟངས་ ས་སྨུག་སྤུབས་པའི་ཁར་ ཆརཔ་ཡང་ ཟམ་ཟིམ་སྦེ་རྐྱབ་རུང་ རྔུལ་ནག་ཙར་ཙིར་བཏང་ཐོན་མི་ ཚེ་རིང་དབང་ཕྱུག་གིས་ ལཱ་རྩ་འགེངས་ཏེ་འབདཝ་དང་འབྲེལ་ སློབ་ཕྲུག་ཨ་ལུ་ཚུ་ལུ་ཡང་ ཁ་བཀོད་བྱིན་སར་ མཐོངམ་ཨིན་པས།
ན་ཧིང་དང་ཕྱདཔ་ད་ ཧུམ་ཅུང་རྩྭ་ཚུ་ དུས་ཅི་ ལེགས་ཤོམ་སྦེ་ སྐྱེས་ཡོདཔ་ལས་ ཚེ་རིང་དབང་ཕྱུག་དེ་ སེམས་དགའ་སྟེ་ཡོདཔ་ཨིན་རུང་ ལས་མི་མ་ཐོབ་པའི་ དཀའ་ངལ་སྦོམ་སྦེ་ར་ ཐོནམ་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ད་རེས་ནངས་པ་ མི་མང་ཤོས་ཅིག་གིས་ གླ་ཆ་ལུ་ལྟ་སྟེ་ ཁག་འབག་གི་ ལཱ་གཞན་ཚུ་ནང་ གླ་བཏགས་པར་སོང་སྟེ་ ཁོང་གི་ ལཱ་འབད་ནི་ལུ་ སྤྲོ་བ་མི་བསྐྱེད་པས་ཟེར་ཨིན་པས།
ཁོ་དང་གཅིག་ཁར་ ད་རུང་ མཉམ་ལས་ཚོགས་པ་ནང་ ལཱ་འབད་མི་ ཆ་རོགས་ཅིག་ཡོདཔ་ད་ ཁོང་གཉིས་ཀྱིས་ ཧུམ་ཅུང་རྩྭ་ཚུ་ ས་གནས་ཐདམ་ཐད་ཁ་ལས་ཕར་ བརྔ་བཞག་པའི་ཤུལ་ལུ་ སྣུམ་འཁོར་ཌི་སི་ཨེམ་ཅིག་ནང་སྦེ་ ས་ཁོངས་ནང་ སྐྱེལ་འདྲེན་འབདཝ་ཨིན་པས།
ཁོང་གིས་ ཧུམ་ཅུང་རྩྭ་ཚུ་ མི་སྡེའི་ནགས་ཚལ་ཚུ་ནང་ལས་སྦེ་ བརྔ་དོ་ཡོད་མི་དང་འཁྲིལ་ ལོ་བསྟར་བཞིན་དུ་ མི་སྡེ་ལུ་ གླ་འཐུས་དངུལ་ཀྲམ་༡,༥༠༠ རེ་ སྤྲོདཔ་ཨིན་པས།
ཁོ་གིས་ ཧུམ་ཅུང་རྩྭའི་ མར་ཁུ་བཙིར་ནི་ འགོ་བཙུགས་པའི་ཤུལ་ལུ་ འཕྲུལ་ཆས་ཚུ་ དྲོད་གྱང་མ་བཅུག་པར་ ཉིན་ནུབ་བྱེལ་ཏེ་ འབད་དགོ་མི་དང་འཁྲིལ་ ཉམས་མྱོང་ཅན་གྱི་ མི་༢ ལས་མི་སྦེ་ འཚོལ་ཏེ་ཡོད་ཟེར་ཨིནམ་ད་ ཧུམ་ཅུང་རྩྭའི་མར་ཁུ་ མང་ཤོས་ར་ ཐིམ་ཕུ་ལུ་ཡོད་མི་ བཱ་ཡོ་བུ་ཊཱན་གྱིས་ ཉོཝ་ཨིན་པས།
འཛིན་སྐྱོང་པ་གིས་ སླབ་མི་དང་འཁྲིལཝ་ད་ དུས་ཅི་ བཱ་ཡོ་བུ་ཊཱན་གྱིས་ མར་ཁུ་ཊཱན་༣ མཁོ་འདོད་བཀོད་དེ་ཡོདཔ་བཞིན་དུ་ རྩྭའི་ཐོན་སྐྱེད་ ལེགས་ཤོམ་ཡོདཔ་ལས་ མཁོ་འདོད་ཚུ་ བསྒྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ད་ལྟོ་ གནས་སྐབས་ཀྱི་ ལཱ་འབད་མི་ དགྲ་མེད་རྩེ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཚུ་ལུ་ བཞེས་སྒོ་ཡང་ ཁོ་ར་གིས་ བྱིན་ཐོག་ལས་ ཉིན་བསྟར་གྱི་གླ་ཆ་ དངུལ་ཀྲམ་༢༥༠ རེ་ བྱིན་དོ་ཡོདཔ་ཨིན་པས།
སློབ་ཕྲུག་སངས་རྒྱས་ཕུན་ཚོགས་ཀྱིས་འབད་བ་ཅིན་ གནམ་བྱཱར་གྱི་ སློབ་གྲྭའི་ངལ་གསོ་སྐབས་ གནས་སྐབས་ཀྱི་ ལཱ་འབད་མི་ལས་ཐོབ་མི་ ཏི་རུ་ཚུ་ ཁོ་ར་ སློབ་གྲྭ་ནང་ ལོག་འགྱོཝ་ད་ ཟད་འགྲོ་གཏང་ནི་ཨིན་ཟེར་ སླབ་ཨིན་པས།
སློབ་ཕྲུག་གཞན་ རྣམ་རྒྱལ་རྡོ་རྗེ་གིས་འབད་བ་ཅིན་ ཁོ་གིས་ ན་ཧིང་ གནམ་བྱཱར་གྱི་ ངལ་གསོའི་སྐབས་ལུ་ཡང་ ཧུམ་ཅུང་རྩྭ་བསྡུ་བསྒྱོམ་འབད་ནིའི་ ལཱ་འབད་དེ་ དངུལ་ཀྲམ་༥,༠༠༠ དེ་ཅིག་ ཐོབ་ཅི་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཧུམ་ཅུང་རྩྭའི་མར་ཁུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༦༠༠ རེ་ལས་བརྒལ་ མ་ཐོབ་ཨིན་རུང་ ན་ཧིང་ལས་འགོ་བཙུགས་ དངུལ་ཀྲམ་༧༥༠ ལུ་ ཡར་སེང་སོང་སྟེ་ཡོདཔ་ཨིན་པས།
མཉམ་ལས་ཚོགས་པ་ནང་ བཀྲིས་སྒང་དང་ མོང་སྒར་རྫོང་ཁག་༢ ལས་ སོ་ནམ་པ་འཐུས་མི་༦༤ ཡོདཔ་ཨིན་པས།
ཧུམ་ཅུང་རྩྭ་ཚུ་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༦ པའི་ ཟླ་ཕྱེད་དེ་ཅིག་ལས་བརྔ་ནི་ འགོ་བཙུགས་དོ་ཡོདཔ་ད་ སྤྱི་ཟླ་༡༡ པའི་ ཟླ་ཕྱེད་དེ་ཅིག་ནང་ མཇུག་བསྡུ་དོ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ ཉི་མ་དབང་འདུས།

No comments:

Post a Comment