གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙན་ཁྲིད་འབད་མི་ འབྲུག་མི་གཉིས་ ག་ཏེ་བཞག་ཡོདཔ་ཨིན་ན་ ཤེས་རྟོགས་མེདཔ།

༡/༧/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ འབྲུག་པའི་ཕོ་སྐྱེས་༢ རྒྱ་གར་གྱི་ས་གནས་ ཤཱན་ཊི་པུར་ལས་ བཙན་ཁྲིད་འབད་མི་དེ་ ག་ཏེ་ལུ་ཡོདཔ་ཨིན་ན་ ད་ལྟོའི་བར་ན་ཡང་ ཤེས་རྟོགས་བྱུང་མ་ཚུགས་པར་ཡོད་རུང་ ཨ་སམ་མངའ་སྡེའི་རྫོང་ཁག་ ཀོཀ་ཧ་ཇར་དང་ ཅི་རང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ བཙན་ཁྲིད་འབད་བའི་ དོགས་པ་ཡོད་མི་ སྡེ་ཚན་དེ་ འཚོལ་ཞིབ་འབད་བསྒང་ཡོདཔ་ཨིན་པས།


ཅི་རང་གི་ ཁྲིམས་སྲུང་འགག་པའི་སྡེ་འཛིན་ ན་བཱ་ནིཊ་ མ་ཧཱན་ཊ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཙན་ཁྲིད་འབད་མི་ ལ་ལུ་ཅིག་ལུ་ དོགས་པ་འབད་ཡོདཔ་བཞིན་དུ་ ད་ལྟོ་ རྒྱ་གར་དང་ འབྲུག་གི་ས་མཚམས་བདའ་སྟེ་ ཀོཀ་ཧ་ཇར་དང་ ཅི་རང་གི་ཁྲིམས་སྲུང་འགག་སྡེ་གཉིས་ མཉམ་རུབ་ཀྱི་ཐོག་ལས་ འཚོལ་ཞིབ་འབད་ནི་ འགོ་བཙུགས་ཡོད་ཟེར་ཨིན་པས།
ཀོཀ་ཧ་ཇར་གྱི་ ཁྲིམས་སྲུང་འགག་པའི་སྡེ་འཛིན་ སུ་ནིལ་ཀུ་མར་གྱིས་ བཤད་མིའི་ནང་ ཕོ་སྐྱེས་༢ བཙན་ཁྲིད་འབད་མི་ སྡེ་ཚན་དེ་ དགེ་ལེགས་ཕུག་དང་ གསར་སྤང་གི་ ས་མཚམས་ནང་ལས་ཕར་ གཡིབ་སྡོད་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དོགས་ཅན་སྡེ་ཚན་དེ་ འཛིན་བཟུང་འབད་ཚུགས་ནིའི་དོན་ལས་ ནགས་ཚལ་གཡས་གཡོན་གཉིས་ཆ་ར་ལས་ འཚོལ་ཞིབ་འབད་ནིའི་ནང་ རྩ་འགེངས་དོ་ཟེར་ཨིན་པས།
བདེ་བ་ཐང་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ ལུང་ཕྱོགས་འཛིན་སྐྱོང་པ་ སྐྱེས་ལོ་༥༩ ལང་མི་དང་ སྐྱེས་ལོ་༣༣ ལང་མི་ སྣུམ་འཁོར་གྱི་ དེད་གཡོགཔ་༢ བསམ་གྲུབ་ལྗོངས་མཁར་ལས་ ཐིམ་ཕུ་ལུ་ འོང་པའི་ལམ་ཁར་ ཕྱི་རུའི་ཆུ་ཚོད་༥ ལས་༦:༣༠ དེ་ཅིག་གི་བར་ན་ བཙན་ཁྲིད་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ ལས་བྱེདཔ་༢ ག་ཅི་སྦེ་བཙན་ཁྲིད་འབད་ཡོདཔ་ཨིན་ན་ ཞིབ་དཔྱད་ཚུ་ ལེགས་ཤོམ་སྦེ་འབད་ནི་ཟེར་ཨིན་པས།
ཅི་རང་གི་ ཁྲིམས་སྲུང་འགག་པའི་ སྡེ་འཛིན་གྱིས་འབད་བ་ཅིན་ དགེ་ལེགས་ཕུག་དང་ སཱན་ཏ་བ་རི་གི་ གཞུང་ལམ་བདའ་སྟེ་ སྣུམ་འཁོར་འགྲོ་འགྲུལ་འབད་མི་ ལེ་ཤ་ཡོདཔ་ཨིན་རུང་ ཁོང་༢ ག་ཅི་སྦེ་ བཙན་ཁྲིད་འབད་ཡོདཔ་ཨིན་ན་ དབྱེ་དཔྱད་མཐིལ་ཕྱིན་འབད་དགོ་པས་ཟེར་ཨིན་པས།
རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ སྣུམ་འཁོར་ཧའི་ལཱགསི་དེ་ ཤཱན་ཊི་པུར་ལས་ ཀི་ལོ་མི་ཊར་༣ དེ་ཅིག་གི་ས་ཁར་ བཀོག་བཞག་ཡོདཔ་ད་ དེ་གི་སྐོར་ལས་ ཤཱན་ཊི་པུར་གྱི་ ས་གནས་ནང་སྡོད་མི་ མི་སེར་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
དགེ་ལེགས་ཕུག་གི་ གནས་ཚུལ་བཤད་མི་ཅིག་གིས་ ཕོ་སྐྱེས་༢ བཙན་ཁྲིད་འབད་མི་ནང་ ཆ་རོགས་འབད་མི་ བོ་དོ་ལེནཌི་གི་ མི་ཚུ་ཡང་འདུག་ཟེར་ སླབ་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ ས་གནས་ཀྱི་ མི་བཀྲ་མ་ཤིསཔ་ཚུ་ ཤིང་ཆས་ནག་ཚོང་འཐབ་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཙུགས་ཏེ་ ལོག་བཏང་པའི་ཤུལ་ལས་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ ལས་བྱེདཔ་གཉིས་ བཙན་ཁྲིད་འབད་ནུག་ཟེར་ཨིན་པའི་གནས་ཚུལ།
 
ཡེ་ཤེས་སྒྲོལ་མ།

No comments:

Post a Comment