གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་དྲུང་ཁག་ ཆུ་གཟར་སྒང་ལུ་ སྤོ་བཤུད་འབད་ནིའི་ཁས་བླངས།

༡/༧/༢༠༡༣   ༉  མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ འདས་པའི་བདུན་མཐའི་ནང་ ཆུ་གཟར་སྒང་རྒེད་འོག་གི་ མི་སེར་ཚུ་ལུ་ ཁོ་གི་ སྲིད་ཚོགས་ཀྱིས་ རྒྱལ་ཁ་ཐོབ་པ་ཅིན་ དགེ་ལེགས་ཕུག་དྲུང་ཁག་དེ་ ཆུ་གཟར་སྒང་ལུ་ སྤོ་བཤུད་འབད་ནི་ཟེར་ ཁས་བླངས་འབད་ཡི།
དགེ་ལེགས་ཕུག་ལུ་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ཉན་ནིའི་དོན་ལུ་འཛོམས་མི་ མི་སེར་ཚུ།


གཙོ་འཛིན་གྱིས་ སླབ་མིའི་ནང་ དྲུང་ཁག་དེ་ སྤོ་བཤུད་འབད་བ་ཅིན་ རང་བཞིན་གྱིས་ར་ སྣུམ་འཁོར་ལམ་དེ་ རྒྱ་བསྐྱེད་འབད་ནི་དང་ དེ་གི་ཤུལ་ལས་ ཟམ་གྱི་མཐུན་རྐྱེན་ཐོབ་ཚུགས་ཟེར་ཨིན་པས།
ཨིན་རུང་ ཚོགས་པ་གིས་ མའུ་ཁོ་ལ་གཙང་ཆུ་གུ་ལས་ ཟམ་རྐྱབ་ནི་གི་ ཁས་བླངས་འབད་མི་ཚུགས་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་བཤད་ཅི།
ཁོ་གིས་འབད་བ་ཅིན་ མའུ་ཁོ་ལའི་ ཟམ་རྐྱབ་ནི་ལུ་ ཟད་འགྲོ་དངུལ་ཀྲམ་ ས་ཡ་༧༠༠ དེ་ཅིག་གནས་ནི་ཨིནམ་ལས་ ཁས་བླངས་འབད་མི་ཚུགས་ཟེར་ཨིནམ་ད་ དེ་འབདཝ་ད་ འཁོར་ལམ་དེ་ རྒྱ་བསྐྱེད་གཏང་ནི་ཨིནམ་མ་ཚད་ རྩི་ནག་གཏང་ནི་ཨིནམ་ལས་ ལམ་ལེགས་ཤོམ་དེ་ཁར་ སྣུམ་འཁོར་བཱསི་དང་ གླ་འཁོར་ཚུ་ ལངམ་སྦེ་ཡོད་པ་ཅིན་ དགེ་ལེགས་ཕུག་འགྱོ་རུང་ དུས་ཡུན་རིངམོ་མི་འགོར་འོང་ཟེར་བཤད་ཅི།
ཨིན་རུང་ ཚོགས་པ་གིས་ ཟམ་རྐྱབ་ནི་གི་ འོས་འབབ་བལྟ་འོང་ཟེར་ཨིན་པས།
གཙོ་འཛིན་གྱིས་ སླབ་མིའི་ནང་ ཟམ་དེ་ རྐྱབ་ནིའི་སྐོར་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ སྤྱི་ལོ་༢༠༠༨ ལུ་ཡང་ ཁས་བླངས་གསལ་བསྒྲགས་འབད་ཡོད་རུང་ གྲུབ་མ་ཚུགསཔ་ལས་ ད་རེས་ ལོག་སྟེ་ར་ ཁས་བླངས་འབད་མི་དེ་ཡང་ ཤོབ་འོང་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ མའུ་ཁོ་ལ་གཙང་ཆུ་གུ་ལས་ ཟམ་རྐྱབ་བྱིན་ནིའི་ ཁས་བླངས་འབད་ཡོདཔ་ད་ དེ་བཟུམ་སྦེ་ དགེ་ལེགས་ཕུག་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་༢ ཆ་ར་གིས་ མི་མང་རྩོད་འགྲན་སྐབས་ ཟམ་རྐྱབ་ནི་གི་ ཁས་བླངས་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འདས་པའི་དྲི་བཀོད་སྐབས་ དགེ་ལེགས་ཕུག་དྲུང་ཁག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མའུ་ཁོ་ལ་ཟམ་གྱི་སྐོར་ལས་ ཇ་པཱན་རྒྱལ་སྤྱི་ལས་སྡེ་ ཇའི་ཀ་དང་ གཞུང་གི་འགོ་དཔོན་ཚུ་གིས་ འདས་པའི་ཟླཝ་དག་པ་ཅིག་གི་ཧེ་མར་ འགོ་ཐོག་བརྟག་ཞིབ་འབད་ཚར་ཡི་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་གྱིས་ ས་ཕྱོགས་གཞན་ཚུ་ནང་ ཁས་བླངས་གསལ་བསྒྲགས་འབད་དོ་བཟུམ་སྦེ་ སྤྱི་འོག་རེ་ནང་ ཞིང་རྨོ་འཕྲུལ་པ་ཝར་ཊེ་ལར་རེ་རེ་ བྱིན་ནི་དང་ ཞིང་ཆུ་ ཤེས་རིག་དང་ གསོ་བའི་ཞབས་ཏོག་ ཡར་དྲག་གཏང་ནི་ རྒྱལ་ཁབ་ནང་ ཧེ་ལི་ཀོབ་ཊར་༢ ཉོ་ནི་དང་ ན་གཞོན་ཚུ་གི་ ཤེས་ཡོན་འཕྲོ་མཐུད་སྦྱང་ནིའི་དོན་ལུ་ སྐྱེད་མར་ཕབ་ཐོག་གི་ བསྐྱིན་འགྲུལ་དང་ ཤེས་ཡོན་སྦྱང་ཚར་མི་ཚུ་ལུ་ ལཱ་གཡོག་བརྒྱ་ཆ་ལས་བརྒྱ་སྦེ་ སྤྲོད་ནིའི་ཁས་བླངས་ཚུ་འབད་ཡི།
གཙོ་འཛིན་གྱིས་འབད་བ་ཅིན་ ད་རེས་ སྤྱི་ལོ་༢༠༠༨ དང་ཕྱདཔ་ད་ ཚོགས་པ་ལུ་ བློ་གཏད་དེ་འོང་མི་ ལྕོགས་གྲུབ་ཅན་གྱི་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་༧ རྩིས་ཏེ་ འདེམས་ངོ་སྒྲིང་སྒྲིང་ལེ་ཤ་ཡོདཔ་ལས་ དབང་ཚད་ཅན་དང་ ཕྱུགཔོ་དག་པ་ཅིག་གི་ལག་པ་ར་ བཞག་ནི་མེན་པར་ འགྱུར་བ་གི་དོན་ལུ་ མི་སེར་དམངས་གཙོ་ཚོགས་པ་ལུ་ གཞུང་སྐྱོང་གི་ གོ་སྐབས་ཚར་གཅིག་གནང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པའི་ ལྟ་བ་དང་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ སྐྱོན་བརྗོད་འབད་མི་དེ་ཡང་ ཚོགས་པའི་ནང་ འདེམས་ངོ་སྒྲིང་སྒྲིང་ལེ་ཤ་ཡོདཔ་ལས་ རྒྱལ་ཁ་ཐོབ་སྟེ་ དབང་ཚད་ཤོར་འོང་མནོ་འདྲོག་སྟེ་ འབདཝ་ཨིན་ཟེར་ཨིན་པས།
གཙོ་འཛིན་གྱིས་ ཤོམ་སྤང་ཁ་འདེམས་ཁོངས་ཀྱི་ མི་སེར་༧༠༠ དེ་ཅིག་དང་གཅིག་ཁར་ ཕྱད་ཡོད་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment