གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་པོའི་ཞིང་ ངང་ལམ་གྱི་གཞུང་ལམ་ སྤྱི་ལོ་༢༠༡༣ ལོ་མཇུག་ལུ་ བསལ་ཚར་ནི།

བྱག་སྐེདཔ་བཏོགས་ཏེ་ གཞུང་ལམ་བཏོན་མིའི་མཐོང་སྣང་།
༡/༧/༢༠༡༣   ༉ རིང་ཚད་ ཀི་ལོ་མི་ཊར་༧༥ ཅིག་འབད་མི་ རྒྱལ་པོའི་ཞིང་ ངང་ལམ་གྱི་གཞུང་ལམ་དེ་ དུས་ཅི་ སྤྱི་ལོ་༢༠༡༣ ལོ་མཇུག་བསྡུ་ཁམས་ལུ་ སེལ་ཚར་ནི་ཨིནམ་ལས་ ཤར་ཕྱོགས་ལུང་ཕྱོགས་ཀྱི་མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིན་པས།


ད་ལྟོ་ཚུན་ གཞུང་ལམ་དེ་ ཡོངས་བསྡོམས་ ཀི་ལོ་མི་ཊར་༦༧.༤ བསལ་ཚར་ཡོད་པའི་གྲས་ལས་ རྒྱལ་པོའི་ཞིང་ཁ་ཐུག་ལས་ ཀི་ལོ་མི་ཊར་༢༤.༤ བསལ་ཚར་ཡོདཔ་ད་ ངང་ལམ་ཁ་ཐུག་ལས་འབད་བ་ཅིན་ ཀི་ལོ་མི་ཊར་༤༢.༨ བསལ་ཚར་ཡོད་ཟེར་ ལམ་སེལ་ལས་ཁུངས་ཀྱི་ ལས་འགུལ་འགོ་དཔོན་གྱིས་ སླབ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ ས་ཁོངས་བཟོ་རིག་འགོ་དཔོན་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ གཞུང་ལམ་དེ་ ག་དེ་མགྱོགས་མགྱོགས་ བསལ་ཚར་ནི་ལུ་ རྩ་འགེངས་དོ་ཡོདཔ་ཨིན་རུང་ ལམ་དེ་ བྱག་སྐེད་པ་བཏོག་སྟེ་བཏོན་དགོཔ་ལས་བརྟེན་ གདོང་ལེན་སྦོམ་ཡོད་མི་གིས་  ལས་མི་ཚུ་གི་ ཚེ་སྲོག་ལུ་ཡང་ ཉེན་ཁ་ཡོད་ཟེར་ཨིན་པས།
རྒྱལ་པོའི་ཞིང་དང་ ངང་ལམ་གྱི་བར་ན་ རིང་ཚད་མི་ཊར་༤༠ དང་༥༠ འབད་མི་ ཟམ་༡༢ རྐྱབ་དགོཔ་ཡོད་པའི་གྲས་ལས་ ད་ལྟོ་ ཟམ་༡༠ རྐྱབ་ཚར་ཡོདཔ་ལས་ གཞན་མི་༢ དེ་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཟེར་ཨིནམ་མ་ཚད་ ཟམ་ཚུ་གི་གྲས་ལས་ རིང་ཤོས་ར་ ས་གནས་ སོ་ཀོ་རོང་ཟེར་ས་ མི་ཊར་༡༡༨ འབད་མི་རྐྱབ་དགོཔ་ཡོད་མི་དེ་ ཨིན་ཟེར་ཨིན་པས།
འཁོར་ལམ་སེལ་ནི་དེ་ འཆར་གཞི་༨ པ་ལས་ར་ཡོད་རུང་ ཉེན་སྲུང་གི་དཀའ་ངལ་ལུ་བརྟེན་ སྤྱི་ལོ་༢༠༠༦ ལས་བརྒལ་ འགོ་བཙུགས་མ་ཚུགསཔ་མ་ཚད་ ལཱ་དེ་ དུས་ཅི་ སྤྱི་ཟླ་༦ པ་རྫོགས་ཁམས་ལུ་ མཇུག་བསྡུ་དགོཔ་ཨིན་རུང་ བྱ་སྟབས་མ་བདེཝ་ཡོད་མི་ལུ་བརྟེན་ སང་ཕོད་ སྤྱི་ལོ་༢༠༡༤ ལུ་ མཇུག་བསྡུ་ཚུགས་ནི་ཨིནམ་ལས་ ད་ལྟོ་ ས་ཁོངས་ནང་ ལཱ་འབད་མི་༤༠༠ དེ་ཅིག་ ཡོདཔ་ཨིན་པས།
གཞུང་ལམ་སེལ་ནིའི་ལཱ་དེ་ཡང་ རྒྱལ་པོའི་ཞིང་གི་ཁ་ཐུག་ལས་ རི་རབ་ཁག་འབག་གིས་ སེལ་དོ་ཡོདཔ་ད་ ངང་ལམ་ཁ་ཐུག་ལས་ རིག་སཱོན་ཁག་འབག་གིས་ སེལ་དོ་ཡོདཔ་ད་ འཁོར་ལམ་གྱི་མ་དངུལ་གྲོགས་རམ་དེ་ཡང་ རྒྱ་གཞུང་གིས་ དངུལ་ཀྲམ་ས་ཡ་༡༦༧༧.༥༨༩ དེ་ཅིག་ བཏང་ཐོག་ལས་སེལ་དོ་ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ ལས་འགུལ་མདོ་ཆེན་ བྱང་ཆུབ་རྒྱལ་མཚན་གྱིས་ སླབ་མིའི་ནང་ གཞུང་ལམ་དེ་ དུས་ཚོད་ཁར་ སེལ་ཚར་ནི་ལུ་ ལཱ་ཁག་བཏང་མི་དེ་ཡང་ བྱག་གཟར་དྲག་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ རྒྱལ་པོའི་ཞིང་ཁ་ཐུག་ལས་ ཀི་ལོ་མི་ཊར་༢༤.༤༦ དེ་ཅིག་ བྱག་ལམ་བདའ་སྟེ་སེལ་དགོཔ་དང་ ངང་ལམ་ཁ་ཐུག་ལས་འབད་བ་ཅིན་ ཀི་ལོ་མི་ཊཪ་༤ ལྷགཔ་ཅིག་ བྱག་སྐེདཔ་བཏོག་དགོ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
མོང་སྒར་དང་ རྒྱལ་པོའི་ཞིང་ཁྲོམ་གྱི་ཚོང་པ་ཚུ་གིས་འབད་རུང་ ད་རེས་ནངས་པ་ ཚོང་བཏོན་པར་འགྱོ་ནི་ལུ་ ཉིན་གྲངས་ལས་བཅད་དེ་འགོར་དོ་ཡོད་མི་དེ་ གཞུང་ལམ་བསལ་ཚར་བའི་བསྒང་ལས་ དྲོ་པ་འགྱོ་རུང་ ཕྱི་རུ་ རང་གི་ཁྱིམ་ནང་ལྷོད་ཚུགས་ནི་ཨིན་མས་ཟེར་ཨིན་པས།
ལམ་བསལ་ལས་ཁུངས་ཀྱི་ ལས་འགུལ་མདོ་ཆེན་གྱིས་འབད་རུང་ ལམ་དེ་སེལ་ཚར་བའི་བསྒང་ལས་ ཤར་ཕྱོགས་རྫོང་ཁག་༦ གི་ མི་སེར་གྱིས་མ་ཚད་ འབྲུག་རྒྱལ་ཁབ་ཀྱི་མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་ནི་ཨིནམ་ལས་ འཚོ་བའི་གནས་སྟངས་དེ་ ཡར་དྲག་སྦོམ་སྦེ་ར་ བཏང་ཚུགས་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment