གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཕུན་སུམ་ཚོགས་པ་གིས་ དཔལ་འབྱོར་གོང་འཕེལ་གྱི་ ཐབས་ཤེས་གཞི་བཀོད་གསལ་སྟོན།

༦/༧/༢༠༡༣   ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ འགོ་ཐོག་ཉིན་གྲངས་༡༠༠ དང་ ལོ་ངོ་དང་པའི་ནང་འཁོད་ལུ་ ལག་ལེན་དགོས་མཁོ་ཆེ་བའི་ གཞུང་སྐྱོང་འགོ་བཙུགསཔ་ཅིག་ར་ ལག་ལེན་འཐབ་ཆོགཔ་ཨིན་མི་ དཔལ་འབྱོར་གོང་འཕེལ་གྱི་ ཐབས་ཤེས་ཅིག་ གཞི་བཀོད་འབད་ཡོད་མི་དེ་ བརྡ་བརྒྱུད་ཐོག་ལས་ གསལ་སྟོན་འབད་ཡི།
འབྲུག་ཕུན་སུམ་ཚོགས་པ་གིས་ དཔལ་འབྱོར་གོང་འཕེལ་གྱི་ ཐབས་ཤེས་གཞི་བཀོད་ གསལ་སྟོན་འབད་བའི་བསྒང་།


འབྲུག་ཕུན་སུམ་ཚོགས་པའི་ དཔལ་འབྱོར་གོང་འཕེལ་ཐབས་ཤེས་དང་འཁྲིལཝ་ད་ ལོ་ངོ་དང་པའི་ནང་ར་ དངུལ་ཀྲམ་དུང་ཕྱུར་༨.༧༠ གྱི་ མ་དངུལ་བགོ་བཀྲམ་ཐོག་ ན་གཞོན་༧༢༠༠ ལུ་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ཨིན་ཟེར་ཨིན་པས།
དེ་ལས་ ཚོང་འབྲེལ་གནས་སྟངས་ནང་ མ་དངུལ་གྱི་འབྱུང་ཁུངས་ཡོདཔ་བཟོ་ཐོག་ལས་ བསྐྱིན་འགྲུལ་གནས་སྟངས་ཡང་ ལྷོད་ཡངས་གཏང་ཐབས་འབད་དེ་ ནང་འདྲེན་བཀག་དམ་འབད་མི་ཚུ་ བཀག་ཆ་མེདཔ་བཟོ་ནི་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ བྱང་ཐིམ་ཕུ་གི་འདེམས་ངོ་ ཀུན་དགའ་ཚེ་རིང་གིས་ སླབ་མིའི་ནང་ འབྲུག་ལུ་ དཔལ་འབྱོར་མར་ཉམས་གནས་སྟངས་ ག་ནི་ཡང་མེདཔ་ལས་ གཙོ་བོ་ར་ དཔལ་འབྱོར་གོང་འཕེལ་ལུ་བརྟེན་ ནང་འདྲེན་དང་འབྲེལ་བའི་ མཁོ་སྒྲུབ་གནས་སྟངས་ཡང་སེང་ལུ་བརྟེན་ དཀའ་ངལ་གཙོ་བོ་ར་ རུ་པི་མ་ལངས་པའི་གནད་དོན་དེ་ཨིནམ་ལས་ འབྲུག་ཕུན་སུམ་ཚོགས་པའི་ཐབས་ཤེས་དེ་ ནང་འདྲེན་མར་ཕབ་དང་ ནང་འདྲེན་ལུ་བརྟེན་པའི་ ཟད་འགྲོ་མཐོ་དྲགས་པའི་གནད་དོན་ མར་ཕབ་གཏང་ནི་ལུ་བརྩོན་ཤུགས་ཅན་གྱི་ ཐབས་ཤེས་ཨིན་ཟེར་ཨིན་པས།
དེ་ཡང་ ཚོང་འབྲེལ་གནས་སྟངས་ནང་ བསྐྱིན་འགྲུལ་འཐོབ་ཚུགསཔ་ བཟོ་ཐབས་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ འབྲེལ་ཡོད་དངུལ་ཁང་ཚུ་དང་མཉམ་འབྲེལ་ཐོག་ དབང་འཛིན་ལུ་ མ་རྩ་མཁོ་སྤྲོད་འབད་ཐོག་ལས་ དངུལ་ཁང་ཚུ་གིས་ བསྐྱིན་འགྲུལ་བྱིན་ཚུགསཔ་བཟོ་ནི་ཟེར་ཨིན་པས།
མ་དངུལ་དེ་ དངུལ་ཁང་ལུ་ ཐད་ཀར་མ་རྩ་སྤྲོད་དགོཔ་བཟུམ་ཅིག་འབད་བ་ཅིན་ དངུལ་ཁང་གི་ ཇོ་བདག་ཨིན་དགོཔ་ལས་ གཞུང་གི་མ་རྩ་ཐད་ཀར་ དངུལ་ཁང་ནང་བཙུགས་ཐབས་མེདཔ་ལས་ དབང་འཛིན་དང་མཉམ་འབྲེལ་ཐོག་ མ་རྩ་མ་དངུལ་དེ་ དངུལ་དབང་འཛིན་གྱི་ཕྱག་ལུ་ཡོདཔ་སྦེ་ བཟོ་ཞིནམ་ལས་ དངུལ་ཁང་ཚུ་ལུ་ བྱ་སྟབས་བདེཝ་བཟོ་ནི་ཟེར་ཨིན་པས།
རུ་པིའི་ཐད་ལུ་ལྷོདཔ་ད་ སྤྱིར་བཏང་ཚོགས་པའི་ཁས་བླངས་གསལ་བསྒྲགས་དང་བསྟུན་ ལོ་རིམ་བཞིན་དུ་ རུ་པིའི་གནས་སྟངས་ལེགས་བསྒྱུར་གྱི་ ལས་རིམ་ཚུ་ཡོདཔ་ཨིན་རུང་ དེ་འཕྲོ་ལས་འབད་དགོཔ་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་མཉམ་འབྲེལ་ཐོག་ དངུལ་ལོར་བརྗེ་སོར་ལག་ལེན་འཐབ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
དེ་ཡང་ ཀུན་དགའ་ཚེ་རིང་གིས་ སླབ་མིའི་ནང་ ལོ་༥ དེ་ཅིག་གི་རྒྱབ་ལས་ གློག་མེ་ལས་འགུལ་ཚུ་ལུ་བརྟེན་ རུ་པི་འབོར་ཆེ་ཏོག་ཏོག་སྦེ་ རྒྱལ་ཁབ་ནང་འབྱུང་ནི་ཨིནམ་ལས་ འབྲུག་པའི་དངུལ་ལོར་པར་བཏབ་ཐོག་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ རྒྱ་གཞུང་དངུལ་ལས་དབང་འཛིན་ཚུ་དང་མཉམ་འབྲེལ་ཐོག་ དངུལ་ལོར་བརྗེ་སོར་འབད་དེ་ ལོ་༥ འི་རྒྱབ་ལས་ གློག་མེ་ལས་འགུལ་ལས་ གློག་ཤུགས་རྒྱ་གར་ལུ་བཙོང་ནི་ འགོ་བཙུགས་ནི་ཨིན་པས།
དེ་བསྒང་ འབྲུག་གི་དངུལ་ལོར་ རྒྱ་གཞུང་དངུལ་ལས་དབང་འཛིན་ནང་བཞག་ཡོད་མི་དེ་ ལེན་ནི་དང་ ད་རེས་ལོ་༥ དེ་ཅིག་གི་དོན་ལུ་ རྒྱ་གཞུང་ལས་ རུ་པི་ལེན་ཞིནམ་ལས་ འབྲུག་པའི་དངུལ་ལོར་དེ་ རྒྱ་གཞུང་དངུལ་ལས་དབང་འཛིན་ལུ་སྤྲོད་དེ་ བརྗེ་སོར་འབད་ནི་གི་ འོས་འབབ་ཚུ་ཡོད་ཟེར་ཨིན་པས།
དེ་མ་ཚད་ གཞན་རྒྱལ་སྤྱིའི་དངུལ་ཁང་ཚུ་ལས་ ལོ་༥ དང་༨ གྱི་ཤུལ་ལས་ བསྐྱིན་ཚབ་སྤྲོད་ཆོག་པའི་ སྐྱེད་ཆུང་གི་ བསྐྱིན་འགྲུལ་ཚུ་ལེན་ཐོག་ལས་ རུ་པའི་གནས་སྟངས་དེ་ ལོ་ངོ་དང་པའི་ནང་ར་ བསལ་ཚུགསཔ་འབད་ནི་ཨིནམ་མ་ཚད་ ལོ་༥ དང་༨ ཀྱི་ཤུལ་ལས་ གློག་མེ་ལས་འགུལ་ཚུ་ནང་ལས་ འོང་འབབ་འབོར་ཆེ་ཏོག་ཏོ་འབྱུང་ནི་ཨིནམ་ལས་ དཀའ་ངལ་ཐོན་དགོ་པའི་ ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།
དེ་ཡང་ བུ་ལོན་གྱི་ཚ་གྱང་བཤད་མི་ ལེ་ཤ་ཐོན་དོ་ཡོད་རུང་ ཁོ་གིས་སླབ་མིའི་ནང་ བུ་ལོན་རྒྱ་ཆེ་ཤོས་ར་ རུ་པིའི་བསྐྱིན་འགྲུལ་གྱི་ སྐྱེད་དུམ་གྲ་ཅིག་ མཐོ་སུ་སྦེ་ ལེན་དགོཔ་ཐོན་ཡོད་མི་དེ་མ་གཏོགས་ གཞན་བུ་ལོན་ཚུ་ སྐྱེད་བརྒྱ་ཆ་༡ དེ་ཅིག་ལས་མེད་མི་ཚུ་ཨིནམ་ལས་ རུ་པིའི་བསྐྱིན་འགྲུལ་དེ་ སྤྱི་ལོ་༢༠༡༨ ལས་ ལོ་ངོ་༡༢ ཀྱི་ནང་འཁོད་ལུ་ ག་ར་བཏབ་ཚུགས་ནི་ཨིནམ་ལས་ ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།
ཐབས་ཤེས་གཞི་བཀོད་དེ་ནང་ གཞན་ཡང་ དཔལ་འབྱོར་གོང་འཕེལ་དང་འབྲེལ་བའི་ ལས་རིམ་དང་ བཟོ་གྲྭ་གོང་འཕེལ་དང་ ཚོང་འབྲེལ་གནས་སྟངས་ ཡར་དྲག་གཏང་ནིའི་ལས་རིམ་ཚུ་ རྒྱ་ཆེ་དྲགས་སྦེ་ ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment