གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཕུན་སུམ་ཚོགས་པ་གིས་ བསྐུལ་བསྒྲགས་འཕྲོ་མཐུད་འབད་ནི།

༥/༧/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་གཙོས་པའི་ འདེམས་ངོ་ཚུ་གིས་ སྤྱིར་བཏང་བཙགས་འཐུའི་དོན་ལུ་ བསྐུལ་བསྒྲགས་ཚུ་ འབད་སྡོད་པའི་བར་ན་ར་ མཚམས་འཇོག་འབད་དེ་ གཙོ་འཛིན་དང་ འདེམས་ངོ་དག་པ་ཅིག་གིས་ ཐིམ་ཕུ་ལུ་ ཞལ་འཛོམས་འཚོགས་པར་ ལོག་འོང་དགོཔ་ཐོནམ་ལས་ མི་སེར་མང་ཤོས་ཅིག་གིས་ སྲིད་ཚོགས་དེ་གིས་ དགོངས་ཞུ་འབད་ནི་ལུ་ ཚ་གྱང་ལང་ཡོདཔ་ཨིན་རུང་ ད་ལས་ཕར་ བསྐུལ་བསྒྲགས་ཚུ་ ལོག་འཕྲོ་མཐུད་དེ་ར་ འབད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
བརྡ་བརྒྱུདཔ་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ཚུ་དང་གཅིག་ཁར་ དྲི་བཀོད་འབད་བའི་བསྒང་།


དེ་སྦེ་ བསྐུལ་བསྒྲགས་མཚམས་འཇོག་འབད་དགོ་མི་དེ་ཡང་ སྲིད་ཚོགས་གཉིས་ཀྱིས་ རང་སོའི་བསྐུལ་བསྒྲགས་ཚུ་ འབད་བའི་སྐབས་ སྲིད་ཀྱི་གནས་སྟངས་དེ་ རྩུབ་དྲགས་ཅིག་ལུ་ གྱུར་སོ་མི་ལུ་བརྟེན་ཏེ་ཨིན་ཟེར་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ ཁ་ཙ་ ཁོ་རའི་གཟིམ་ཅུང་ནང་སྦེ་ འགོ་འདྲེན་འཐབ་མི་ བརྡ་བརྒྱུད་ཞལ་འཛོམས་ནང་ དོགས་སེལ་འབད་ཡོདཔ་ཨིན།
དེ་དང་འཁྲིལ་ མི་སེར་ཚུ་ཡང་ ཤུགས་སྦེ་ར་ ཚ་གྱང་ལང་མི་ལུ་བརྟེན་ ཞལ་འཛོམས་ཅིག་ ངེས་པར་དུ་ འཚོགས་དགོཔ་ ཐོན་སོ་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞལ་འཛོམས་འཚོགས་དགོ་པའི་ གནད་དོན་གཙོ་བོ་ར་ སྲིད་ཚོགས་༢ ཀྱི་བར་ན་ བསྐུལ་བསྒྲགས་འབད་བའི་སྐབས་ རྒྱ་འབྲུག་༢ ཀྱི་བར་ནའི་ མཐུན་ལམ་དེ་ སྲིད་འབྲེལ་གནད་དོན་སྦོམ་ཅིག་ལུ་ གྱུར་སོ་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
མ་གཞི་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་ལུ་ ཁོ་གིས་ འདས་པའི་ཟླཝ་གི་ཚེས་༡༩ ལུ་ རྒྱ་འབྲུག་༢ ཀྱི་མཐུན་ལམ་དེ་ སྲིད་དོན་ནང་ འབྲེལ་གཏོགས་མེདཔ་སྦེ་ བཞག་གནང་ཟེར་ ཞུ་བ་འབད་དེ་ ཡི་གུ་ཅིག་ བྲིས་ཡོདཔ་ཨིན་རུང་ དེ་ལུ་ ངོས་ལེན་མ་འབད་བར་ གནད་དོན་དེ་ འཕྲོ་མཐུད་དེ་ར་ བཏོན་བཞིན་དུ་ཡོདཔ་ལས་ ད་རེས་ཀྱི་ཞུ་བ་དེ་ ཐེངས་༢ པ་ཨིན་ཟེར་ཨིན་པས།
རྒྱལ་ཁབ་༢ ཀྱི་བར་ནའི་ མཐུན་ལམ་དེ་ སྲིད་དོན་ཚོགས་པ་ ག་གིས་ར་འབད་རུང་ སྔར་བ་ལྷགཔ་སྦེ་ རྩ་བརྟན་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ་ད་ གནད་དོན་དེ་ བསྐུལ་བསྒྲགས་ཚུ་ནང་ རྒྱ་ཆེ་དྲགས་སྦེ་ར་ ཐོན་པའི་སྐབས་ རྒྱ་ནག་རྒྱལ་ཁབ་ཀྱིས་ཡང་ དེ་ལུ་ ག་དེ་སྦེ་ ཚོར་དོ་འོང་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ འདས་པའི་ལོ་༥ འི་རིང་ གཞན་མི་རྒྱལ་ཁབ་ ཊཱལ་ཊཱོལ་འབད་མི་ཚུ་དང་གཅིག་ཁར་ མཐུན་ལམ་བཟོ་ཡོདཔ་སྦེ་ ཁ་བཏང་ཡོད་མི་དེ་ཡང་ འབྲུག་དང་ མཐུན་ལམ་ཡོད་པའི་ རྒྱལ་ཁབ་གཞན་ཚུ་གི་རྣ་བར་ ལེགས་ཤོམ་ཅིག་མེན་པས་ཟེར་ གཙོ་འཛིན་གྱིས་སླབ་ཅི།
དེ་ལས་ ད་རེས་ཁམས་ཅིག་ལས་ རྒྱ་གར་གཞུང་གིས་ འབྲུག་གི་དོན་ལུ་ མེ་རླུང་རྒྱ་རྫི་དང་ ས་མར་ཁུའི་གོང་ཚད་ཚུ་ལུ་ ཧེ་མ་བཟུམ་མའི་ གོང་ཚད་ཕབ་ཆག་མེདཔ་བཟོ་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ཨིན་ན་ མ་ཤེས་རུང་ ཧེ་མ་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་སྡོད་པའི་སྐབས་ གནད་དོན་དེ་ མ་ཐོན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་བའི་སྐབས་ རྒྱ་གར་གཞུང་གིས་ དེ་བཟུམ་མའི་ཅ་ཆས་ཚུ་གི་ གོང་ཚད་ཡར་སེང་འབད་ནིའི་ ལོ་རྒྱུས་ཚུ་ ཐོན་ཡོདཔ་ཨིན་རུང་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ རྒྱ་གར་གཞུང་དང་ གྲོས་བསྟུན་ཚུ་འབད་དེ་ བཀག་ཆ་འབད་དེ་ བཞག་ཡི་ཟེར་ གཙོ་འཛིན་གྱིས་སླབ་ཅི།
དེ་བཟུམ་མའི་ མེ་རླུང་རྒྱ་རྫི་དང་ ས་མར་ཁུའི་གོང་ཚད་ཚུ་ལུ་ ཕབ་ཆག་མེདཔ་སྦེ་ བཟོ་མི་ལུ་བརྟེན་ འབྲུག་མི་ཉམ་ཆུང་ ལེ་ཤ་ཅིག་ལུ་ར་ གནོད་སྐྱོན་འབྱུང་ནི་ཨིན་རུང་ ང་ར་ མོང་སྒར་ལུ་ བསྐུལ་བསྒྲགས་འབད་བའི་སྐབས་ ལོ་རྒྱུས་གོཝ་ཅིག་ར་ གནས་སྐབས་གཞུང་ལུ་ བརྒྱུད་འཕྲིན་བཏང་ཡི་ཟེར་ཨིན་པས།
དེ་ལས་འགོ་བཟུང་སྟེ་ གནས་སྐབས་གཞུང་གིས་ རྒྱ་གར་གཞུང་དང་གཅིག་ཁར་ ཕྱག་ལཱ་ཚུ་ ལེ་ཤ་ཅིག་ར་ མཛད་བའི་བསྒང་ར་ འདུག་ཟེར་ཨིན་པས།
གལ་སྲིད་ གནས་སྐབས་གཞུང་གིས་ དཀའ་ངལ་དེ་ བསལ་མ་ཚུགས་པ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་སྦེ་ར་ བསལ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ སྲིད་ཚོགས་ཀྱི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་སླབ་ཅི།
དེ་དང་གཅིག་ཁར་ ཁོང་ཆ་ཁྱབ་ ཐིམ་ཕུ་ལུ་ ལོག་འོང་དགོ་པའི་ གནད་དོན་གཞན་ མི་དབང་མངའ་བདག་རིན་པོ་ཆེ་གི་མཚན་ བསྐུལ་བསྒྲགས་ཚུ་གི་སྐབས་ ག་མནོ་སར་ བརྗོད་དོ་ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
དེ་མ་ཚད་ མི་སེར་དམངས་གཙོ་ཚོགས་པ་གིས་ ས་ཆའི་དཀའ་ངལ་ཡོད་མི་དང་ མི་རྩིས་དང་འབྲེལ་བའི་ དཀའ་ངལ་ཡོད་མི་ཚུ་ བསལ་ནི་ཨིན་ཟེར་ མི་སེར་ཚུ་ འབྲི་ཤོག་ཕཱོམ་ཚུ་ བཀང་བཅུག་ཡོདཔ་ད་ དེ་བཟུམ་མའི་ ཕྱག་ལཱ་གནང་ནི་དེ་ མི་དབང་མཆོག་གི་ ཁྱད་དབང་ཨིནམ་བཞིན་དུ་ མ་དཀྲོག་པར་ བཞག་དགོ་ཟེར་ གཙོ་འཛིན་གྱིས་བཤད་ཅི།
གཙོ་འཛིན་འཇིགས་མེད་འཕྲིན་ལས་ཀྱིས་ བཤད་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་ གཞུང་ལུ་བརྟེན་ རྒྱ་གར་གཞུང་གིས་ འཆར་གཞི་༡༡ པའི་དོན་ལུ་ འཆར་དངུལ་ཚུ་ ད་ལྟོ་ཡང་ མ་བྱིནམ་སྦེ་སླབ་དོ་ཡོདཔ་ད་ ཧེ་མ་ར་ གཞུང་གསརཔ་གཞི་བཙུགས་འབད་དེ་ སྤྱི་ཚོགས་ཀྱིས་ འཆར་གཞི་ཆ་འཇོག་གནང་ཞིནམ་ལས་མ་གཏོགས་ འཆར་དངུལ་ཚུ་ མི་འཐོབ་ཟེར་ཨིན་པས།
མ་གཞི་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ལ་ལུ་ཅིག་གིས་ འབྲུག་ཕུན་སུམ་ཚོགས་པ་དེ་ བཙག་འཐུ་ནང་ལས་ དགོངས་ཞུ་འབད་དགོ་པའི་ མནོ་བསམ་བཏང་ཡོདཔ་ཨིན་རུང་ དེ་སྦེ་ དགོངས་ཞུ་འབད་ནི་དེ་ གནད་དོན་རྩུབ་དྲགས་ཅིག་ འོང་ནི་ཨིནམ་ལས་ བསྐུལ་བསྒྲགས་ཚུ་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ གཙོ་འཛིན་གྱིས་བཤད་ཅི།

ད་ལྟོ་ཚུན་ སྲིད་དོན་ཚོགས་པ་ཚུ་ལུ་བརྟེན་ མི་སེར་གྱི་སེམས་ ཤུགས་སྦེ་ར་ དཀྲོགས་ཡོདཔ་ཨིན་རུང་ ད་ལས་ཕར་ སྲིད་ཚོགས་༢ ཆ་ར་གིས་ རང་སོའི་རྣམ་གཞག་ཚུ་ བསྒྱུར་བཅོས་འབད་ཞིནམ་ལས་ བཙག་འཐུ་དེ་ ལེགས་ཤོམ་སྦེ་ར་ མཇུག་བསྡུ་ཚུགས་པའི་རེ་བ་ཡོད་ཟེར་ སླབ་ཡོད་པའི་གནས་ཚུལ།
ཉི་མ་དབང་འདུས།

No comments:

Post a Comment