གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པདྨ་དགའ་ཚལ་གྱི་ མི་མང་རྩོད་བསྡུར་ནང་ མི་ཚུ་སྤུངས་འཛོམས་འབད་ཡོདཔ།

༡༡/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༩ གི་ཕྱི་རུ་ པདྨ་དགའ་ཚལ་འབྲིང་རིམ་སློབ་གྲྭ་བར་མིའི་ནང་ ན་ནོང་ཤུ་མར་དང་ བཟོ་བལ་ ཁྱི་ན་དྭངས་ དེ་ལས་ ཡེ་ཅིང་གི་ མི་སེར་ཚུ་གིས་ ལམ་ཐག་རིང་ཧིང་ལུ་མ་ལྟ་བར་ སྤྲོ་སྣང་ཐོག་ལས་ སྤུངས་འཛོམས་འབད་ཡོད་པའི་ མཐོང་གསལ་བྱུང་ཡི། 


དེ་བཟུམ་མའི་ སྤུངས་འཛོམས་འབད་ཐངས་ལུ་ལྟ་བ་ཅིན་ ས་གནས་ཀྱི་མི་ཚུ་ དུས་ཚོད་དེ་ལུ་ སྒུག་སྡོད་སྡོདཔ་བཟུམ་མའི་ ཚོར་སྣང་བྱུང་མི་དེ་ཡང་ ཡོངས་གྲགས་ཅན་གྱི་འདེམས་ངོ་ འདས་པའི་གཞུང་གི་བློན་ཆེན་བགྲེསཔ་ འཇིགས་མེད་འོད་ཟེར་འཕྲིན་ལས་དང་ དམངས་གཙོ་ཚོགས་པའི་འདེམས་ངོ་ པདྨ་དབང་ཕྱུག་༢ ཀྱི་བར་ནའི་ མི་མང་རྩོད་བསྡུར་ལས་རིམ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ འདས་པའི་ལོ་༥ འི་ གཞུང་སྐྱོང་སྐབས་ལུ་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་ག་དེ་སྦེ་བཙུགས་ཡོད་ག་དང་ རྒྱལ་ཁབ་ཀྱི་ རང་བཙན་སྲུང་སྐྱོབ་འབད་ཡོད་མི་དང་ མི་མང་གི་བར་ན་ གཅིག་སྒྲིལ་མཐུན་ལམ་ག་དེ་སྦེ་ གོང་འཕེལ་བཏང་ཡི་ག་ དེ་ལས་ ཁྲིམས་ཚུ་ག་དེ་སྦེ་ར་ ཆ་འཇོག་འབད་ཡོདཔ་ཨིན་ནའི་ གསལ་བཤད་འབད་ཡི།
ཁོ་གིས་ ངོ་སྤྲོད་གསལ་བཤད་ནང་ དུས་ཡུན་སྐར་མ་༡༠ ཐོབ་ས་ལས་ མཇུག་གི་སྐར་མ་༡ པོ་དེ་ བུ་ལོན་འཁྲི་མི་ཚུ་ རྒྱལ་ཁབ་ནང་འཁོད་ལུ་ འགོ་བཙུགས་ཡོད་མི་ ལས་འགུལ་ཚུ་གི་ ལག་ལེན་འགོ་བཙུགས་པའི་ཤུལ་ལས་ ལོ་༡ དེ་ཅིག་ནང་ར་ བཏབ་ཚར་ནི་ཨིནམ་ལས་ ཚ་གྱང་ལང་མི་དགོ་ཟེར་ ཁ་གསལ་འབད་ཡི།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ པདྨ་དབང་ཕྱུག་གིས་ གཙོ་བོ་ར་ དབང་ཚད་ཕྱིར་སྤེལ་ལུ་ གཙོ་བོར་བཏོན་ཐོག་ལས་ གསལ་བཤད་འབད་ཡོདཔ་མ་ཚད་ དབང་ཚད་ཕྱིར་སྤེལ་དེ་ འབྲུག་ཕུན་སུམ་ཚོགས་པའི་ གནས་ཡུན་ནང་ལུ་ དབང་ཚད་ཕྱིར་སྤེལ་མེད་པར་ འཐུས་ཤོར་བྱུང་ཡི་ཟེར་བཤད་ཅི།
གལ་སྲིད་ རྒྱལ་ཁབ་ནང་འགྱུར་བ་དགོ་པ་ཅིན་ འདེམས་ངོ་དང་ གཞུང་སྐྱོང་ཚོགས་པ་ཚུ་ བསྒྱུར་བཅོས་འབད་དགོ་ཟེར་ཨིནམ་ད་ དེ་མིན་ མ་འོངས་པ་ལུ་ མི་སེར་ཚུ་གིས་ འབྲེལ་གཏོགས་ཀྱི་ གོ་སྐབས་མི་ཐོབ་ཟེར་ཨིན་པས།
ཕུན་སུམ་ཚོགས་པའི་གཙོ་འཛིན་གྱིས་ དམངས་གཙོ་ཚོགས་པའི་འདེམས་ངོ་ པདྨ་དབང་ཕྱུག་ལུ་ ཚོགས་སྡེ་ལས་ འགོ་བཙུགས་ཏེ་ འགོ་ཐོག་བཙག་འཐུ་དང་ སྤྱིར་བཏང་བཙག་འཐུ་ཚུ་ནང་ ཐེངས་༣ རེ་ བཅའ་མར་གཏོགས་པའི་བསྒང་ལས་ ཉམས་མྱོང་ག་ཅི་བཟུམ་ར་ ཐོབ་ཚུགས་ཅི་ག་ཟེར་ དྲི་བ་བཀོད་ཅི།
པདྨ་མ་དབང་ཕྱུག་གིས་ སྤྱིར་བཏང་བཙག་འཐུའི་ནང་ དམངས་གཙོ་ཚོགས་པ་གིས་ གོ་སྐབས་བྱིན་པའི་སྐབས་ དཀོན་མཆོག་གསུམ་ལུ་ གསོལཝ་བཏབ་སྟེ་བ་ལྷགཔ་ གོ་སྐབས་མ་ལེན་ཟེར་ཨིནམ་ད་ དེ་སྦེ་ བཅའ་མར་གཏོགས་མི་དེ་ ག་ཐོབ་རྐྱབ་སྟེ་ བཅའ་མར་གཏོགསཔ་མེན་ཟེར་བཤད་ཅི།
པདྨ་དབང་ཕྱུག་གིས་ ཕུན་སུམ་ཚོགས་པའི་གཙོ་འཛིན་ལུ་ མི་སེར་ཚུ་གིས་ རྒྱ་འབྲུག་༢ ཀྱི་མཐུན་ལམ་སྐོར་ལས་ བརྡ་བརྒྱུད་ནང་ལེ་ཤ་ཐོནམ་ལས་ མཐུན་ལམ་གྱི་གནས་སྟངས་སྐོར་ལས་ ཤེས་དགོཔ་ཁག་ཆེ་ཟེར་ དྲི་བ་བཀོད་ཅི།
དེའི་ལན་ལུ་ མི་མང་གིས་ བརྡ་བརྒྱུད་ཚུ་ནང་ ཐོན་པའི་བསྒང་ལས་ བརྡ་བརྒྱུད་ལས་སྡེ་འདི་ ག་གི་ཨིན་པས་ག་ ག་གིས་དེ་བཟུམ་མའི་ གནས་ཚུལ་ག་ཅི་སྦེ་ བྲིས་འོང་ག་དང་ དེ་བཟུམ་མའི་གནས་ཚུལ་ བཙག་འཐུའི་གནས་སྐབས་ནང་ ག་ཅི་སྦེ་ བྲིས་འོང་ག་ཚུ་ སེམས་ཁར་བཞག་དགོཔ་དེ་ ཁག་ཆེ་ཟེར་བཤད་ཅི།
རྩོད་བསྡུར་མཇུག་བསྡུ་བའི་ཤུལ་ལུ་ ཚོང་པ་ཅིག་གིས་ སླབ་མིའི་ནང་ བཙག་འཐུའི་བྱ་རིམ་ལུ་བརྟེན་ མི་སེར་ཚུ་ཡང་ མགུ་འཐོམ་བྱུང་ཡོདཔ་ལས་ མགྱོགས་པར་ར་ ཚོགས་རྒྱན་བཙུགས་ཞིནམ་ལས་ བཙག་འཐུ་མཇུག་བསྡུ་བཅུག་ནི་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment