གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༡༣/༧/༢༠༡༣   རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་ མི་སེར་གྱི་མཐའ་དོན་འགྲུབ་ནི་ལུ་ གཙོ་བོར་བཏོན་དགོཔ།
༉ དུས་ཅི་ སྤྱི་ལོ་༢༠༡༣ གྱི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་དོན་ལུ་ དོ་འགྲན་འབད་བའི་བསྒང་ཡོད་མི་སྲིད་ཚོགས་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱང་མཐོང་ཊི་བི་ནང་ གཅིག་གིས་གཅིག་ལུ་ སྐྱོན་བརྗོད་དང་ དམའ་ཕབ་ལ་སོགས་པའི་གཏམ་ངན་ཚུ་ རྒྱུན་ཆད་མེད་པར་ ཐོན་མི་ལུ་བརྟེན་ ང་བཅས་གྲོང་གསེབ་གཡུས་ཚན་ནང་སྡོད་མི་ མི་སེར་ཉམ་ཆུང་ཚུ་ཡང་ སྲིད་ཚོགས་ག་ལུ་ ཆ་བཞག་དང་ ཡིད་ཆེས་བསྐྱེད་ནི་ཨིན་ན་མ་ཤེས་པར་ མགུ་འཐོམ་བྱུང་པའི་ཁར་ ཚ་གྱང་སྦོམ་སྦེ་ར་ ལངམ་དགོཔ་བྱུངམ་མས་ཟེར་ཞུ་ནི།



གཞན་དལ་གཞི་ ད་ལྟོ་ཚུན་གྱི་རིང་ རང་གི་གཡུས་ཁར་ དགའ་བ་དང་སྐྱིད་པའི་ཐོག་ལུ་ རང་གི་སྦུང་དང་བསྟུན་ཏེ་ སོ་ནམ་ཞིང་ལཱ་ཚུ་འབད་དེ་ འོང་འབབ་སྦོམ་ཅིག་ བཟོ་མ་ཚུགས་ཏེ་འབད་རུང་ གཏམ་ངན་གྱི་འུར་བྱེལ་ཚུ་ ག་ནི་ཡང་ གོ་མ་མྱོང་པར་ རང་གི་བཟའ་ཚང་ཚུ་དང་གཅིག་ཁར་ འཚོ་སྐྱོང་ལེགས་ཤོམ་འབད་འཐབ་སྟེ་ སྡོདཔ་ཨིན་ཟེར་ཞུ་ནི།
ཨིན་རུང་ བར་སྐབས་ཅིག་ལས་ སྲིད་དོན་ཚོགས་པ་ཚུ་གི་ བསྐུལ་བསྒྲགས་ལས་རིམ་ཚུ་ལུ་བརྟེན་ ཚོགས་པའི་འདེམས་ངོ་ཚུ་གིས་ གཡུས་སྒོ་ཚུ་ནང་ སྒོ་བཤལ་རྐྱབ་སྟེ་ མི་ཚུ་སེམས་ལྷུ་བའི་ཁར་ རྒྱུད་བསྐུལ་འབད་མི་དང་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་གིས་ གསང་བའི་ཐོག་ལས་ ནང་གསུག་རྐྱབ་སྟེ་ ཕྱོགས་བཟུང་འབད་མི་ལུ་བརྟེན་ ད་རེས་ནངས་པ་ གཡུས་སྒོ་ཚུ་ནང་ཡང་ ཧེ་མ་བཟུམ་སྦེ་ མི་སྡེའི་གནས་སྟངས་ དགའ་སྐྱིད་དང་ལྡནམ་ཅིག་ མེད་ཟེར་ཞུ་ནི།
ཁྲོམ་སྡེ་ཚུ་ནང་ལྟ་རུང་ སྲིད་ཚོགས་ཀྱི་འབྲེལ་གནད་ལུ་བརྟེན་ ཁ་ཤུགས་ཡོད་མི་དང་ དབང་ཤུགས་ཡོད་མི་ རྒྱུ་སྟོབས་ཡོད་མི་ཚུ་གིས་ རང་གིས་དགའ་མི་ཚོགས་པ་ལུ་ ཐབས་ཤེས་རྣམ་པ་སྣ་ཚོགས་ཀྱི་ཐོག་ལས་ རྒྱབ་སྐྱོར་འབད་ནི་དེ་གིས་ ཁྲོམ་སྡེ་ནང་ སྡོད་མི་ཚུ་ཡང་ ཕྱེད་དེ་ཅིག་གིས་ འབྲུག་ཕུན་སུམ་ཚོགས་པ་དང་ ཕྱེད་དེ་ཅིག་གིས་ མི་སེར་དམངས་གཙོ་ཚོགས་པའི་ཁ་ཐུག་ལུ་ ཕྱོགས་ལྷུང་འབདཝ་ལས་ བཟའ་ཚང་ནང་འཁོད་དང་ ལྟ་ལྟོ་ཚང་ནང་འཁོད་ལུ་ དོན་མེད་ཀྱི་རྩོད་འགྲན་དང་ ཁ་ཤགས་ཚུ་རྐྱབ་དོ་ཡོད་པའི་ མངོན་གསལ་བྱུངམ་མས་ཟེར་ཞུ་ནི།
མ་གཞི་ འབྲུག་རྒྱལ་ཁབ་ནང་རྐྱངམ་གཅིག་མེན་པར་ འཛམ་གླིང་རྒྱལ་ཁབ་ག་ཏེ་འབད་རུང་ བཙག་འཐུའི་བསྐུལ་བསྒྲགས་ཚུ་འབད་བའི་སྐབས་ལུ་ སྲིད་དོན་ཚོགས་པ་ཚུ་ ནང་འཁོད་ལུ་ ཁོང་ར་ གཅིག་གིས་གཅིག་ལུ་ དམའ་ཕབ་དང་ སྐྱོན་བརྗོད་ ཁ་ཉེས་ཚུ་བཀལ་དོ་ཡོད་པའི་ཁར་ ཐ་ན་ མི་སྡེ་དང་ མི་རིགས་ཚུ་གི་བར་ན་ བྲེལ་ཟིང་ཚུ་ ལང་ནི་ཡོདཔ་ལས་བརྟེན་ རྣམ་རྟོག་ལང་དགོཔ་ཅིག་མེད་ཟེར་ཞུ་ནི།
ཨིན་རུང་ ང་བཅས་རའི་ འབྲུག་རྒྱལ་ཁབ་བཟུམ་ཅིག་ནང་འབད་བ་ཅིན་ དངམ་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་པའི་ཁར་ མི་རློབས་ཡང་ གངམ་མེདཔ་མ་ཚད་ ནང་པ་ཆོས་ལྡན་གྱི་ མཐུན་མོང་མ་ཡིན་པའི་རྒྱལ་ཁབ་ཅིག་ཨིནམ་ལས་ ང་བཅས་ར་ འབྲུག་མི་ཚུ་གིས་ སྲིད་དོན་ཚོགས་པ་གཉིས་ཀྱི་ རྒྱལ་ཕམ་ལུ་ བརྩོན་ཤུགས་མ་བསྐྱེད་པར་ མནོ་བསམ་ག་ཅི་བཏང་དགོཔ་སྨོ་ཟེར་བ་ཅིན་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་ མི་སེར་གྱི་མཐའ་དོན་འགྲུབ་ནི་ལུ་ གཙོ་བོར་བཏོན་དགོཔ་ གལ་ཆེ་ཟེར་ཞུ་ནི།

དེ་འབདཝ་ལས་ འབྲུག་མི་དྲག་ཞན་ཆེ་ཆུང་མེདཔ་ ག་ར་འབད་རུང་ བཙག་འཐུ་ལུ་བརྟེན་ རྒྱལ་ཁབ་ཀྱི་བསྟན་སྲིད་ལུ་ བརྡབ་གསིག་རྐྱབ་ནི་དང་ སྲི་དཀྲུགས་ཀྱི་བྱ་བ་ངན་པ་ཚུ་ མཛད་མ་གནང་པ་ཅིན་ བཀྲིན་ཤིན་ཏུ་ཆེ་ནི་མས་ཟེར་ ཞུ་ནི་ཨིན།


བསོད་ནམས།
སྤུ་ན་ཁ།


1 comment:

  1. ད་རེས་བཙག་འཐུ་ལས་སྒྲུབ་པའི་གཞུང་གསརཔ་གིས་ ཧེ་མ་གི་གཞུང་ལས་ཁྱད་དུ་འཕགསཔ་འབད་མི་སེར་ལུ་བདེ་སྐྐྱིད་ཀྱི་
    ཉིམ་ཤར་བཅུག་འོང་མནོ་བའི་རེ་བ་དཔག་ཏུ་མེདཔ་འབད་བསྐྱེད་དོ། ག་ཅི་སྦེ་ཟེར་བ་ཅིན་ ག་ལུ་ཡང་རེ་མ་དགོ་པར་ རང་གི་
    རྒྱལ་ཁབ་ནང་ལས་ར་་འཐོན་ཁུངས་རྒྱ་སྦོམ་སྦེ་ཡོད་ནི་འདི་གིས་ཨིན། གཞན་གྱི་རྒྱལ་ཁབ་ལུ་རེ་དགོ་པ་ཅིན་བུ་ལོན་སྦོམ་སྦེ་
    འཁྲིལ་ནི་ཨིན་མས། མི་སེར་ཚུ་གིས་ཡང་ དཀའ་ངལ་མེད་པར་ག་་ཅི་ར་འབད་རུང་འཇམ་ཏོང་ཏོ་སྦེ་ཐོབ་ཚུགས་པའི་དབང་ཚད་
    གནང་ནིའི་བསྐུལ་སྒྲགས་གནངམ་ལས་ བློ་བདེ་པགས་པ་སྦེ་ཡོད་ཟེར་ཞུ་ནི་ཨིན།་

    ReplyDelete