གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེའི་ཚོགས་རྒྱན་ས་ཁོངས་འགོ་དཔོན་ཚུ་ བཙག་འཐུའི་སྒྲིག་གཡོག་ནང་ འགྱོ་དོ་ཡོདཔ།

༩/༧/༢༠༡༣   ༉ ཁ་ཙ་ བཙག་འཐུའི་བྱ་རིམ་སྐོར་ལས་ དྲན་གསོའི་སློབ་སྦྱོང་ཅིག་འབདཝ་བཞིན་དུ་ བསམ་རྩེ་རྫོང་ཁག་གི་ ཚོགས་རྒྱན་ས་ཁོངས་འགོ་དཔོན་ཆ་མཉམ་ར་ ད་རིས་དྲོ་པ་ལས་ རང་སོའི་ཚོགས་རྒྱན་ས་ཁོངས་ཚུ་ནང་འགྱོ་ནི་ འགོ་བཙུགས་མི་དང་བསྟུན་ རྫོང་ཁག་དེ་ སྤྱི་ཚོགས་གཉིས་པའི་ སྤྱིར་བཏང་བཙག་འཐུའི་དོན་ལུ་ གྲ་སྒྲིག་འབདཝ་ཨིན་པས།
ཚོགས་རྒྱན་ས་ཁོངས་འགོ་དཔོན་ཚུ་གིས་ ཚོགས་རྒྱན་འཕྲུལ་ཆས་ཚུ་ ཚོགས་རྒྱན་ས་ཁོངས་ཚུ་ནང་ འབག་མ་འགྱོ་བའི་ཧེ་མར་ བརྟག་དཔྱད་འབད་བའི་བསྒང་།


དེ་ཡང་ བཀྲིས་སྒང་གི་ཤུལ་ལས་ རྒྱལ་ཁབ་ནང་ འདེམས་ཁོངས་མཐོ་ཤོས་༢ པ་ཨིན་མི་ བསམ་རྩེའི་འདེམས་ཁོངས་༤ གི་ ཚོགས་རྒྱན་ས་ཁོངས་འགོ་དཔོན་མང་ཤོས་ར་ ད་རིས་ ཕྱི་རུའི་ཆུ་ཚོད་༥ ལུ་ ཚོགས་རྒྱན་ས་ཁོངས་ཚུ་ནང་ ལྷོད་ནི་དང་ དག་པ་ཅིག་ ནངས་པ་ལྷོད་དེ་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ ཚོགས་རྒྱན་ཉིནམ་གི་དོན་ལུ་ གྲ་སྒྲིག་འབད་འོང་ཟེར་ ངོས་ལེན་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྫོང་ཁག་དེ་ནང་ ཚོགས་རྒྱན་ས་ཁོངས་༦༩ ཡོད་མི་ལུ་ སྡེ་ཁྲིད་འགོ་དཔོན་༦༩ དང་ ཚོགས་རྒྱན་ས་ཁོངས་འགོ་དཔོན་༣༥༥ ཡོདཔ་བཞིན་དུ་ དེ་ནང་ སྡེ་ཚན་རེ་ལུ་ གསོ་བའི་ལས་བྱེདཔ་རེ་ཡོདཔ་ད་ ཚོགས་རྒྱན་ས་ཁོངས་འགོ་དཔོན་༢༦༩ དེ་ཅིག་ རྫོང་ཁག་གི་སློབ་གྲྭ་༥༢ ལས་ སློབ་གྲྭའི་སློབ་དཔོན་དང་ ཡིག་ཚང་ལས་རོགས་ དབུ་འཛིན་ བརྟག་དཔྱད་ཁང་གི་ ལས་རོགསཔ་ཨིན་པས།
དེ་ལས་ ཚོགས་རྒྱན་ས་ཁོངས་ཚུ་ནང་བཏང་མི་ གསོ་བའི་ལས་བྱེདཔ་ཚུ་ རྫོང་ཁག་དེ་གི་ སྨན་ཁང་འབྲིང་མ་༩ དང་ སྨན་ཁང་ཆེ་བ་༣ སྨན་སྤྲོད་ཁང་༢༤ ལས་ཨིན་པས།
ཚོགས་རྒྱན་ས་ཁོངས་འགོ་དཔོན་ཚུ་ རང་སོའི་ས་ཁོངས་ཚུ་ནང་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ སྣུམ་འཁོར་བོ་ལི་རོ་དང་ ཌི་སི་ཨེམ་ ཧའི་ལཱགསི་ བཱསི་ཚུ་རྩིས་ཏེ་ སྣུམ་འཁོར་བསྡོམས་༣༠ བཏང་ཡོདཔ་ཨིན་པས།
ཁ་ཙ་ རང་སོའི་འདེམས་ཁོངས་ནང་ འགོ་འདྲེན་འཐབ་མི་ དྲན་གསོའི་སློབ་སྦྱོང་སྐབས་ ཚོགས་རྒྱན་ས་ཁོངས་འགོ་དཔོན་ཚུ་ལུ་ བཙག་འཐུའི་བཅའ་ཡིག་ནང་ འབད་ཆོག་མི་ཆོག་ གསལ་བཀོད་འབད་མི་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་མི་གིས་མ་ཚད་པར་ ཁོང་གི་འགན་ཁུར་དང་ ཀུན་སྤྱོད་རྣམ་གཞག་གི་སྐོར་ལས་ཡང་ གསལ་བཤད་འབད་ཡོདཔ་ཨིན་པས།
ཨྱོན་རྩེ་-འོད་གསལ་རྩེ་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ སངས་རྒྱས་ཚེ་རིང་གིས་ སླབ་མིའི་ནང་ ཚོགས་རྒྱན་གྱི་ཉིན་མར་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ སྤྱི་ལོ་༢༠༠༨ ལུ་ ལག་ལེན་འཐབ་མི་ ཚོགས་རྒྱན་སྐྱུར་མིའི་ ངོས་འཛིན་འདྲ་པར་དཀརཔོ་དེ་ འབག་འོང་པའི་ དཀའ་ངལ་ཡོདཔ་བཞིན་དུ་ ཚོགས་རྒྱན་སྐྱུར་མི་ག་ར་གིས་ རྒྱལ་དར་གྱི་ ལས་རྟགས་ཡོད་མི་ ཚོགས་རྒྱན་སྐྱུར་མིའི་ ངོས་འཛིན་འདྲ་པར་དེ་ འབག་འོང་དགོ་པའི་ གོ་བརྡ་ནན་བསྐྱར་སྤྲོད་དགོཔ་འདུག་ཟེར་ཨིན་པས།
དེ་མ་ཚད་ ཚོགས་རྒྱན་ས་ཁོངས་འགོ་དཔོན་ཚུ་ལུ་ ཚོགས་རྒྱན་བསྐྱུར་ནི་གི་ ཁྱད་ཚད་ལྡན་མི་ ཕོ་མོ་ཚུ་ སྤྱི་ཟླ་༤ པའི་ཚེས་༡ ལུ་ སྐྱེས་ལོ་༡༨ ལང་དགོ་པའི་སྐོར་ལས་ཡང་ གསལ་བཤད་འབད་ཡོདཔ་ད་ གལ་སྲིད་ ཚོགས་རྒྱན་སྐྱུར་མི་ཅིག་གིས་ སྐྱེས་ལོ་༡༨ ལང་ཡོདཔ་སྦེ་ སླབ་པ་ཅིན་ སྡེ་ཁྲིད་འགོ་དཔོན་གྱིས་ ཕོ་མོ་དེ་ སྤྱི་ཟླ་༤ པའི་ཚེས་༡ གི་ཧེ་མར་ སྐྱེས་ལོ་༡༨ ལང་ཡོདཔ་ ངེས་བརྟན་ཨིན་མིན་ བདེན་དཔྱད་འབད་དགོ་ཟེར་ ངོས་ལེན་འགོ་དཔོན་དེ་གིས་ བཤདཔ་ཨིན་པས།
བསམ་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་༤༡,༧༦༩ ཡོད་མི་དེ་ རྒྱལ་ཁབ་ནང་ མཐོ་ཤོས་ཨིནམ་ད་ ཚོགས་རྒྱན་སྐྱུར་མི་ཚུ་གི་གྲས་ལས་ ཕོ་སྐྱེས་༢༢,༠༩༡ དང་ ཨམ་སྲུ་༡༩,༦༧༨ ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ དུར་ག་པར་སཱད་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རི་ཏུ་རཱཇ་༢ ཀྱི་བར་ན་ དོ་འགྲན་འབད་མི་ བཀྲིས་ཆོས་གླིང་འདེམས་ཁོངས་ནང་ ཚོགས་རྒྱན་ས་ཁོངས་༢༡ དང་ ཚོགས་རྒྱན་བསྐྱུར་ནི་གི་ ཁྱད་ཚད་ལྡན་མི་༡༡,༦༢༢ ཡོད་མི་དེ་ མཐོ་ཤོས་ཨིནམ་ད་ ཕུན་སུམ་ཚོགས་པའི་འདེམས་ངོ་ ཋ་ཀུར་སིང་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཊེག་བྷ་དུར་སུ་བྷ་གིས་ དོ་འགྲན་འབད་མི་ རྡོ་རོ་ཁ་འདེམས་ཁོངས་ནང་ ཚོགས་རྒྱན་ས་ཁོངས་༡༩ དང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་༡༡,༦༢༤ ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རེ་བི་ཀ་གུ་རུང་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཌི་ཨེན་དུང་གེལ་༢ ཀྱི་འདེམས་ཁོངས་ཕུན་ཚོགས་དཔལ་རི་-བསམ་རྩེ་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་༩,༤༢༣ དང་ ཚོགས་རྒྱན་ས་ཁོངས་༡༥  ཡོདཔ་ད་ ཨྱོན་རྩེ་-འོད་གསལ་རྩེ་འདེམས་ཁོངས་ནང་ ཚོགས་རྒྱན་སྐྱུར་མི་༩,༡༠༠ གིས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ལི་ལ་པར་དཱན་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཨེམ་ཀེ་ཆེ་ཏི་རི་༢ ལས་༡ བཙག་འཐུ་འགྲུབ་ནིའི་དོན་ལུ་ ཚོགས་རྒྱན་ས་ཁོངས་༡༤ ནང་ ཚོགས་རྒྱན་བཙུགས་ནི་ཨིན་པས།
དེ་ལས་ རྫོང་ཁག་གི་ འདེམས་ཁོངས་༤ ལས་ འགྲེམ་ཐོག་ཚོགས་རྒྱན་༣,༠༢༦ བསྐྱལ་མི་ལས་ ཁ་ཙ་ཚུན་ཚོད་༢,༦༣༩ འདེམས་ཁོངས་ས་སོའི་ནང་ ལྷོད་ཡོདཔ་ད་ འགྲེམ་ཐོག་ལྷག་ལུས་༣༩༡ དེ་ སྤྱི་ཟླ་༧ པའི་ཚེས་༡༢ ཀྱི་ ཕྱི་རུའི་ཆུ་ཚོད་༥ གི་ཧེ་མར་ ལྷོད་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment