གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྨྱོ་རྫས་འབག་མི་ ཨམ་སྲུ་ཅིག་འཛིན་བཟུང་།

༤/༢/༢༠༡༣   དེ་འབདཝ་ད་ ཇའི་སྒང་ལས་ འབག་འོང་མི་ དོགས་པ་ཅན་གྱི་ནུམོ་དེ་ རྩོད་དོན་དེ་ནང་ འབྲེལ་བ་མེདཔ་ལས་ ལོག་བཏང་ནུག།
 ༉ སྤྱི་ཟླ་༢ པའི་ཚེས་༢ ཀྱི་ཉིན་མར་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ བཀག་དམ་ཅན་གྱི་སྨན་རིགས་ འབག་འོང་མིའི་ནང་ འབྲེལ་བ་ཡོད་པའི་ གློག་བརྙན་གྱི་ བཟོ་བཟོ་མི་ ཨམ་སྲུ་སྐྱེས་ལོ་༢༡ ལང་མི་ཅིག་ འཛིན་བཟུང་འབད་ནུག།


ཚུལ་མིན་གྱི་སྒོ་ལས་ སྨྱོ་རྫས་འབག་འོང་མི་ དོགས་པ་ཅན་འཛིན་བཟུང་འབད་བའི་སྐབས་ལུ་ མོ་ལས་ ཨེསི་པི་སྨན་ཐུམ་༢༠༡༦ དང་ ཨེན་༡༠ འབད་མི་སྨན་ལེབ་༡༠༠ ཀོ་རེགསི་སྨན་ཆུ་ཤེལ་དམ་ཆུང་ཀུ་༣༩ འཕྱོག་བཟུང་ཡོདཔ་ད་ མོ་གིས་ བཀག་འཛིན་ཅན་གྱི་ སྨན་རིགས་དེ་ཚུ་ རིན་དངུལ་ཀྲམ་༡༦,༠༠༠ སྤྲོད་དེ་ ཉོ་འབག་ཡོདཔ་ཨིན་པས།
ཞིབ་དཔྱད་འབད་བའི་ཤུལ་ལུ་ དོགས་པ་ཅན་དེ་ དེ་ཚེ་ཉིན་མའི་ ཆུ་ཚོད་༣.༣ དེ་ཅིག་ལས་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཕུན་ཚོགས་གླིང་གི་ ས་མཚམས་ཞིབ་དཔྱད་སྒོ་རའི་ སྦོ་ལོགས་ཁར་ དུས་རྒྱུན་གྱི་ ཞིབ་དཔྱད་རྐྱབ་ད་ རྒྱ་གར་གྱི་ གླ་འཁོར་ཅིག་ནང་འོང་མི་ སློབ་རིམ་༡༠ པའི་ སློབ་ཕྲུག་བུམོ་ཅིག་གིས་ བཀག་འཛིན་ཅན་གྱི་ སྨྱོ་རྫས་ཚུ་ གྱིབ་ཤོག་ནང་བཙུགས་ཏེ་ འབག་འོང་ཡོདཔ་ལས་ འཛིན་བཟུང་འབད་ནུག།
ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ སློབ་ཕྲུག་བུམོ་དེ་ གློག་བརྙན་གྱི་ བཟོ་བཟོ་མིའི་ ནུམོ་ཨིནམ་སྦེ་ ངོས་འཛིའ་བྱུང་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ མོ་རའི་ཨ་ཞེམོ་དོགས་པ་ཅན་དེ་གིས་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ ཇི་པི་ཚོང་འབྲེལ་ལྟེ་བའི་ སྦོ་ལོགས་ཁར་ མི་ཅིག་ལས་ ལག་རྟགས་ཅིག་ ལེན་འབག་ཤོག་ཟེར་ སླབ་མི་ལུ་བརྟེན་ སློབ་ཕྲུག་བུམོ་དེ་གིས་ ལེན་འབག་འོང་ཡོདཔ་མ་གཏོགས་ གྱིབ་ཤོག་དེ་ནང་ ག་ཅི་ཡོདཔ་ཨིན་ན་ཡང་ མ་ཤེས་པས་ཟེར་ཨིན་པས།
སློབ་ཕྲུག་བུམོ་དེ་ བྱ་ངན་དེ་ནང་ འབྲེལ་བ་ག་ནི་ཡང་མིན་འདུག་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་པའི་ཁར་ མོ་རའི་ ཨ་ཞེམོ་དེ་གིས་ རྒྱ་གར་གྱི་ ཕོ་སྐྱེས་ཅིག་ལས་ ཤོག་སྒམ་ཅིག་ ལེན་འབག་ཤོག་ཟེར་ སླབ་ནི་དེ་གིས་ འབག་འོངམ་ཅིག་ར་ཨིན་པས་ཟེར་ བཤདཔ་ཨིན་པས།
སློབ་ཕྲུག་བུམོ་དེ་གིས་ མོ་རའི་ཨ་ཞེམོ་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ འབོ་བའི་ཤུལ་ལུ་ གློག་བརྙན་གྱི་ བཟོ་བཟོ་མི་དེ་གིས་ སྨན་རིགས་ཚུ་ མོ་ར་བཟའ་སྤྱོད་འབད་ནིའི་དོན་ལུ་ འབག་འོང་ཡོདཔ་སྦེ་ ཁ་བཟེད་ནུག།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ མོ་གི་ནུམོ་དེ་ ཇའི་སྒང་ལུ་ ལག་རྟགས་ལེན་པར་འགྱོཝ་ད་ དོགས་པ་ཅན་དེ་ ཁྱིམ་ནང་སྡོད་ནུག་ཟེར་ཨིན་པས།
དོགས་པ་ཅན་གྱིས་ སྨྱོ་རྫས་ཚུ་ རྒྱ་གར་གྱི་ མི་དེ་ལས་ ཉོ་ཚོང་འཐབ་སྟེ་ ལོ་ལེ་ཤ་སོང་ཡི་ཟེར་ ཁ་བཟེད་ཡོདཔ་མ་ཚད་ མོ་གིས་ སྨྱོ་རྫས་བཀྲམ་སྤེལ་འབད་མི་ ཕོ་སྐྱེས་དེ་གི་ འགྲུལ་འཕྲིན་ཨང་བྱིན་ཡོད་རུང་ མོ་འཛིན་བཟུང་འབད་ཞིནམ་ལས་ འགྲུལ་འཕྲིན་དེ་གི་ ཨང་གྲངས་ལག་ལེན་འཐབ་མ་བཏུབ་ བཟོ་ད་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ད་རུང་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དོགས་པ་ཅན་མོ་ར་ཡང་ སྨྱོ་རྫས་ལག་ལེན་འཐབ་མི་ཅིག་ཨིནམ་ལས་ ཉིནམ་དག་པ་ཅིག་གི་ཧེ་མར་ སྨྱོ་རྫས་ཚད་ལས་བརྒལ་ཏེ་ སྤྱོད་མི་ལུ་བརྟེན་ ཕུན་ཚོགས་གླིང་སྨན་ཁང་ནང་ བསྐྱལ་ཡོདཔ་ལས་ ཤི་ནི་ར་འབད་ནུག་ཟེར་ཨིན་པས།
དེ་སྦེ་ སྨྱོ་རྫས་ཚད་ལས་བརྒལ་ སྤྱོད་ཡོད་མིའི་སྐོར་ མོ་གིས ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མ་གནང་ཟེར་ སྨན་ཁང་གི་ ལས་བྱེདཔ་ཚུ་ལུ་ ཞུ་བ་ནན་བསྐྱར་འབད་མི་ལུ་བརྟེན་ ང་བཅས་ལུ་ སྙན་ཞུ་མ་འབད་བར་ བཞག་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
དོགས་པ་ཅན་གྱིས་ བཀག་འཛིན་ཅན་གྱི་ སྨན་རིགས་འབག་འོང་མི་ཚུ་ ཚོང་སྒྱུར་འཐབ་ནིའི་དོན་ལུ་ཨིན་ན་ ད་ལྟོ་ ཏན་ཏན་སྦེ་ ཧ་གོ་མ་ཚུགསཔ་ལས་ ལྷག་པར་དུ་ ཞིབ་དཔྱད་རྐྱབ་ཞིནམ་ལས་རྐྱངམ་གཅིག་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་འོང་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment