གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློ་གསལ་གླིང་སྡེ་ཚན་གྱིས་ ཨང་དང་པའི་གསོལ་རས་ དངུལ་ཀྲམ་ ༢༠,༠༠༠ ཐོབ་ཡོདཔ།

ཟླ་༤ པའི་ཚེས་༢༦

བློ་གསལ་གླིང་སྡེ་ཚན་གྱིས་ ཨང་དང་པའི་གསོལ་རས་ ལེན་པའི་བསྒང་།
༉ ལྕང་ཇི་ཇི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ སྐྱེས་ལོ་༡༦ མན་ཆད་འབད་མིའི་ ཕུཊ་བཱོལ་རྩེད་འགྲན་ཐེངས་༡༠ པའི་ མཐའ་བཅད་འགྲན་བསྡུར་ནང་  བློ་གསལ་གླིང་དང་ འབྲུག་ཨིསི་ཊར་སྡེ་ཚན་༢ ཀྱི་བར་ན་ ཁ་ཙ་ མཐའ་བཅད་འགྲན་བསྡུར་གྱི་རྩེད་འགྲན་འབདཝ་ད་ བློ་གསལ་གླིང་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།


སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༣༠ འི་རིང་ལུ་ སྡེ་ཚན་༢ ཆ་རའི་ཁ་ཐུག་ལས་ དོ་འགྲན་ཅན་གྱི་ཐོག་ལུ་ རྩེད་འགྲན་འབད་ནི་དེ་གིས་ སྡེ་ཚན་གཅིག་གིས་གཅིག་ལུ་ གཱོལ་གཅིག་ཡང་ བཙུགས་མ་ཚུགསཔ་ལས་ ལྟདམོ་བལྟ་མི་ བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ཡང་ སྤྲོ་བ་སྦོམ་བྱུང་ཡོདཔ་བཞིན་དུ་ རྩེད་འགྲན་འབད་མི་ཚུ་ལུ་ ངལ་རངས་ཀྱི་ཐོག་ལས་ སྐྱོན་བརྗོད་རེ་འབད་དེ་ དཀྲོགསཔ་ཨིན་པས།
དེ་ཅིག་གི་བར་ན་ འབྲུག་ཨིསི་ཊར་སྡེ་ཚན་གྱི་ རྩེད་འགྲན་པ་ཅིག་གིས་ འཛོལ་བ་ཆུང་ཀུ་ཅིག་བྱུངམ་ལས་ བློ་གསལ་གླིང་སྡེ་ཚན་ལུ་ འཛུལ་སྒོའི་གདོང་ཁར་བཱོལ་བཞག་སྟེ་རྐྱབ་ནིའི་གོ་སྐབས་འཐོབ་མི་ལུ་བརྟེན་ བར་མཚམས་ངལ་གསོའི་ཧེ་མར་ གཱོལ་གཅིག་བཙུགས་ཡོདཔ་ཨིན་པས།
བར་མཚམས་ངལ་གསོ་ལས་ ལོག་རྩེད་འགྲན་འབདཝ་ད་ སྡེ་ཚན་༢ ཆ་རའི་ཁ་ཐུག་ལས་ དྲག་ཤོས་ཀྱི་ མིང་གཏམ་འཐོབ་ནིའི་དོན་ལུ་ རྩ་འགེངས་ཏེ་ རིག་རྩལ་མ་འདྲཝ་ཚུ་བཏོན་ཐོག་ལས་ རྩེད་འགྲན་འབད་བའི་བར་ན་ར་ ད་རུང་ བློ་གསལ་གླིང་སྡེ་ཚན་གྱིས་ གཱོལ་གཅིག་བཙུགས་ཡོདཔ་ཨིན་པས།
ལྟདམོ་བལྟ་མི་ཚུ་གིས་ ཀུན་གསལ་གནས་ཚུལ་བསྡུ་ལེན་པ་ལུ་ སླབ་མིའི་ནང་ སྐྱེས་ལོ་༡༦ མན་ཆད་འབད་མི་ ན་གཞོན་ཚུ་གིས་ ཕུཊ་བཱོལ་རྩེད་འགྲན་འབད་ས་ལུ་བལྟ་བ་ཅིན་ མ་འོངས་འབྲུག་རྒྱལ་ཁབ་ནང་ལས་ ན་གཞོན་ཚུ་གིས་ མིང་གཏམ་ཐོན་ཚུགས་པའི་ འོས་འབབ་སྦོམ་ར་འདུག་ཟེར་ བཤདཔ་ཨིན་པས།
བློ་གསལ་གླིང་སྡེ་ཚན་གྱིས་ ཨང་དང་པའི་གསོལ་རས་ དངུལ་ཀྲམ་༢༠,༠༠༠ དང་ ཨང་༢ པ་ཐོན་མི་སྡེ་ཚན་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༠,༠༠༠ ཐོབ་ཡོདཔ་ད་ ངོ་རྐྱང་ཚུ་ལུ་ རྒྱལ་རྟགས་ཀྱི་ རྟགས་མ་ཚུ་ཡང་བྱིན་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment