གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྡུང་རྫོབ་ལུ་བརྟེན་ ཉམས་རྒུད་བྱུང་མི་ ཨམ་སྲུ་དེ་ བེང་ཀོག་ལུ་ར་ལུས་ཡོདཔ།

རྒྱལ་ཁབ་ནང་ ལོག་ལྷོད་མི་ སྐྱེས་ལོ་༢༧ ལང་མི་ ཨམ་སྲུ་ཅིག་གིས་ མོ་ལཱ་འབད་བར་བཏང་མི་ མཁན་པོ་དང་ རྩོད་གཞི་ཕྱེ་ནི།


ཟླ་༤ པའི་ཚེས་༢༨


༉ ཐའི་ལེནཌ་གི་རྒྱལ་ས་ བེང་ཀོག་ལུ་ ཏའི་ཝཱན་གྱི་ བཟའ་ཚང་ཅིག་གིས་ ཁོང་གི་ཁྱིམ་ནང་ གཡོག་ལཱ་འབད་མི་ འབྲུག་པའི་ཨམ་སྲུ་ཅིག་ལུ་ བརྡུང་རྫོབ་འབད་བའི་ རྩོད་དོན་སྐོར་ འབྲུག་གི་གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཚུ་གིས་ བཟའ་ཚང་དང་གཅིག་ཁར་ བློ་སླབ་ཐོག་ལས་ བདེ་སྒྲིག་བཟོ་བའི་བསྒང་ཡོད་མི་དེ་ ཁ་ཙ་ མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་ཡོད་རུང་ མཇུག་བསྡུ་མ་ཚུགས་ཟེར་ ཉམས་རྒུདཔ་གིས་ བརྒྱུད་འཕྲིན་ཐོག་ལས་ ཀུན་གསལ་ལུ་ བཤདཔ་ཨིན་པས།


གཞུང་ཚབ་ལས་ཁང་གིས་ ཉམས་རྒུདཔ་ཨམ་སྲུ་དེ་ལུ་ གནམ་གྲུའི་གླ་ཆ་དང་ ཟླཝ་ཕྱེད་དང་༡༡ གི་ དངུལ་ཕོགས་མ་ཐོབ་པར་ཡོད་མི་དེ་ རྩུབ་སྤྱོད་དང་ བརྡུང་རྫོབ་འབད་བའི་ ཁ་ཉེས་ཕོག་མི་ བཟའ་ཚང་དང་གཅིག་ཁར་ བདེ་སྒྲིག་འབད་ཐོག་ལས་ ལེན་ཐབས་ཀྱི་ ཆ་རོགས་འབད་ནི་ལུ་ རྩ་འགེངས་ཏེ་ བདུན་ཕྲག་༣ ལང་ཡོདཔ་ཨིན་པས།
ཧཱ་ལས་ སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་དེ་ འབྲུག་པའི་ཨམ་སྲུ་གཞན་༢ དང་གཅིག་ཁར་ བེང་ཀོག་གི་ས་གནས་ ར་ཅཱ་ད་པི་སེག་ལུ་སྡོད་མི་ ཏའི་ཝཱན་གྱི་ བཟའ་ཚང་ཅིག་གི་ཁྱིམ་ནང་ གཡོག་ལཱ་རྐྱབ་སྟེ་ ཟླཝ་༡༨ སོང་ཡོདཔ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༨ ཀྱི་དྲོ་པར་ ཉམས་རྒུད་པ་དེ་ བཟའ་ཚང་དེ་གི་ ཁྱིམ་ནང་ལས་བྱོག་སྟེ་ ཆ་རོགས་འབད་སར་ སོང་བའི་ཤུལ་ལུ་ དེ་གི་ནངས་པར་ འབྲུག་གི་གཞུང་ཚབ་ལས་ཁང་ནང་སོང་སྟེ་ ཏའི་ཝཱན་གྱི་ བཟའ་ཚང་གིས་ མོ་ལུ་ བརྡུང་རྫོབ་དང་ སྡུག་སྦྱོང་བྱིན་པའི་སྐོར་ལས་ སྙན་ཞུ་འབད་ཡོདཔ་ཨིན་པས།
ང་བཅས་ཀྱིས་ ཉམས་རྒུད་པ་དེ་ འབྲུག་ལུ་ ལོག་གཏང་ནིའི་དོན་ལུ་ བཟའ་ཚང་གིས་ དུས་ཚོད་རྫོགས་མི་ ཕྱི་མི་སྐྱོད་ཐམ་གྱི་ཉེས་ཆད་ བཱཊ་༢༠,༠༠༠ དང་ གནམ་གྲུའི་གླ་ཆ་ཚུ་ སྤྲོད་དགོ་པའི་ ཨུ་ཚུགས་བསྐྱེད་དོ་ཟེར་ གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
ཉམས་རྒུད་པ་ ཨམ་སྲུ་དེ་གིས་ བརྒྱུད་འཕྲིན་ཐོག་ལས་ སླབ་མིའི་ནང་ སྤྱི་ཟླ་༤ པའི་ཚེས་༨ ཀྱི་དྲོ་པའི་ཆུ་ཚོད་༥ ལུ་ མོ་དང་ མོ་རའི་ཆ་རོགས་༢ ཁྱིམ་ནང་ དུས་རྒྱུན་གྱི་ ལཱ་འབད་ནི་ འགོ་བཙུགསཔ་ད་ སྦྱིན་བདག་ཨམ་དེ་གིས་ ཐབ་ཚང་ཧིང་སངས་ས་སྦེ་ མ་འཕྱགས་པས་ཟེར་ ཉོགས་བཤད་བརྡུང་སྟེ་ མོ་ལུ་ ལྡན་ལྕག་གིས་ དྲངས་ཡོད་མི་གིས་མ་ཚད་པར་ སྦྱིན་བདག་ཨཔ་དེ་གིས་ཡང་ ཟས་བཅུད་སྨན་གྱི་ཧོད་ གྱིབ་དམ་ཆུང་ཀུ་ཅིག་འཐུ་སྟེ་ མོ་གི་ མགུ་ཏོ་གུ་ བླུགས་བྱིན་ཡི་ཟེར་ཨིན་པས།
མོ་གིས་ ཁ་ཉེས་བཀལ་མིའི་ནང་ བཟའ་ཚང་གཉིས་ཀྱིས་ མོ་ལུ་ ཧེ་མར་ཡང་ བརྡུང་རྫོབ་ལན་ཐེངས་ལེ་ཤ་འབད་ཡི་ཟེར་ཨིནམ་ད་ འདས་པའི་ཟླ་ངོ་༡༨ ཀྱི་རིང་ལུ་ སྦྱིན་བདག་ཨཔ་གིས་ ལན་ཐེངས་༣ དང་ ཨམ་གྱིས་ ལན་ཐེངས་མང་རབས་ཅིག་ དྲངས་ཡི་ཟེར་ཨིན་པས།
ཉམས་རྒུད་པ་དེ་ ཏའི་ཝཱན་ལུ་ འཕྲལ་འཕྲལ་ར་ བྱོན་ནི་ཡོད་མི་ མཁན་པོ་བསོད་ནམས་ཀྱིས་ ཏའི་ཝཱན་གྱི་ བཟའ་ཚང་གི་དོན་ལུ་ ལཱ་འབད་བར་ སྤྱི་ལོ་༢༠༡༠ ཟླཝ་༡༠ པའི་ཚེས་༡༩ ལུ་ བཏང་ཡོདཔ་ད་ བེང་ཀོག་ལུ་ ལྷོད་ཞིནམ་ལས་ ཨ་ལུ་༣ ཡོད་མི་ བཟའ་ཚང་དེ་གིས་ མོ་གི་ ལམ་ཡིག་དེ་ ཁོང་དང་གཅིག་ཁར་ བཞག་ནི་ཟེར་སླབ་སྟེ་ ལེན་འབག་ཡོདཔ་མ་ཚད་ མོ་ལུ་ ཟླ་རིམ་བཞིན་དུ་ དངུལ་ཕོགས་ཌོ་ལར་༢༠༠ རེ་ སྤྲོད་ནི་སྦེ་ སླབ་ཡོད་རུང་ མོ་གིས་ ཟླཝ་༧ གྱི་དངུལ་ཕོགས་རྐྱངམ་གཅིག་ ལེན་ཡི་ཟེར་ བཤདཔ་ཨིན་པས།
ད་རུང་ བཟའ་ཚང་དེ་གི་དོན་ལུ་ ལཱ་འབད་མི་ འབྲུག་པའི་ཨམ་སྲུ་གཞན་༢ ཡང་ སྤྱི་ཟླ་༤ པའི་ཚེས་༡༧ ལུ་ འབྲུག་ལུ་ ལོག་ལྷོད་ཡོདཔ་ལས་ བཟའ་ཚང་གི་ རྩུབ་སྤྱོད་དྲག་པོ་ལས་ ཟུར་ཐབས་འབད་ཚུགས་ཡོདཔ་ཨིན་པས།
ཁོང་༢ ཀྱི་གྲས་ལས་༡ ཁྱིམ་དེ་ནང་ ལཱ་འབད་དེ་ ཉིན་གྲངས་༡༧ མ་གཏོགས་ མ་འགྱོ་བས། ད་རིས་ རང་གི་རྒྱལ་ཁབ་ནང་ ལོག་ལྷོདཔ་ད་ བཙོན་ཁང་ནང་ལས་ ཕྱི་ཁར་ཐོན་དོ་བཟུམ་མའི་ ཚོར་སྣང་བྱུང་ཡི་ཟེར་ བཀྲིས་གཡང་རྩེ་ལས་ སྐྱེས་ལོ་༢༢ ལང་མི་ ཨམ་སྲུ་དེ་གིས་ བཤད་ཡོདཔ་ད་ མོ་ཡང་ མཁན་པོ་བསོད་ནམས་ཀྱིས་ སྤྱི་ལོ་༢༠༡༠ ཟླཝ་༨ པའི་ཚེས་༡༣ ལུ་ ཏའི་ཝཱན་གྱི་ བཟའ་ཚང་འབད་སར་ བཏང་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ ཁོང་གི་ཁྱིམ་ནང་ ལཱ་འབད་དེ་ ཟླཝ་༢ ལང་པའི་ཤུལ་ལས་ མོ་ལུ་ བརྡུང་རྫོབ་འབད་ནི་ འགོ་བཙུགས་ཅི་ཟེར་ཨིནམ་ད་ བཟའ་ཚང་དེ་གིས་ ང་བཅས་ཆ་ཁྱབ་ དྲོ་པ་ཆུ་ཚོད་༥ ལས་འགོ་བཟུང་ ནུམ་ཕྱེད་ཚུན་ ལཱ་འབད་བཅུག་ཡོདཔ་མ་ཚད་ འབྲུག་པའི་བླམ་དང་ མཁན་པོ་ཚུ་ བྱོན་པའི་སྐབས་ དྲོ་པའི་ཆུ་ཚོད་ ༡ ཚུན་དང་ མགྱོནམ་རྒྱ་མི་ཚུ་འོངམ་ད་ རེ་ཚེ་སྐབས་ དྲོ་པའི་ཆུ་ཚོད་༣ ཚུན་ བཞག་ནི་ཡོད་ཟེར་ཨིན་པས།
ང་བཅས་ལཱ་འབད་མི་ཚུ་ ཕྱི་ཁར་གཏང་ནི་ཕར་བཞག་ ཐ་ན་ ང་བཅས་ཀྱི་ འགྲུལ་འཕྲིན་ཡང་ འཐུ་བཞག་སྟེ་ ལག་ལེན་འཐབ་མི་བཅུག་ཟེར་ མོ་གིས་ བཤདཔ་ཨིན་པས།
ཨམ་སྲུ་གཉིས་ཀྱིས་འབད་བ་ཅིན་ སྦྱིན་བདག་བཟའ་ཚང་གཉིས་ཀྱིས་ ཁོང་ལུ་ སྡུག་སྦྱོང་དང་ བརྙས་བཅོས་འབད་བ་གིས་མ་ཚད་ བརྡུང་རྫོབ་ཡང་འབད་མི་ལུ་བརྟེན་ ང་བཅས་ གནམ་མེད་ས་མེད་དཀའཝ་སྤྱད་དོ་ཡོདཔ་ལས་ རང་གི་རྒྱལ་ཁབ་ནང་ ལོག་འོང་ནིའི་དོན་ལུ་ སྦྱིན་བདག་ལས་ ཁོང་གི་ ལམ་ཡིག་ཚུ་ ལེན་གནང་ཟེར་ མཁན་པོ་ལུ་ སླབ་ཅི་ཟེར་ཨིན་པས།
དེ་མ་ཚད་ བཟའ་ཚང་དེ་གིས་ ལཱ་འབད་མི་ཚུ་ལུ་ སྡུག་སྦྱོང་བྱིན་པའི་ཁར་ དངུལ་ཕོགས་ཡང་ ལེགས་ཤོམ་སྦེ་ སྤྲོད་མི་བཏུབ་དོ་ཡོདཔ་ལས་ བཟའ་ཚང་དེ་གི་དོན་ལུ་ ལཱ་འབད་བར་ འབྲུག་གི་ཨམ་སྲུ་ཚུ་ གཏང་མ་གནང་ཟེར་ ཡང་བསྐྱར་དུ་ ཞུ་བ་འབད་རུང་ མཁན་པོ་གིས་ ཉན་ཁུག་བཏབ་མ་བཏུབ་པར་ ད་རུང་ འཕྲལ་ཁམས་ཅིག་ཁར་ མོང་སྒར་ལས་ སྐྱེས་ལོ་༢༧ ལང་མི་ ཨམ་སྲུ་ཅིག་ བཏང་ནུག་ཟེར་ ཁོང་༢ ཀྱིས་ བཤདཔ་ཨིན་པས།
སྐྱེས་ལོ་༢༢ ལང་མི་ ཨམ་སྲུ་དེ་གིས་འབད་བ་ཅིན་ སྤྱི་ཟླ་༤ པའི་ཚེས་༡༣ ལུ་ བཟའ་ཚང་དེ་གིས་ མོ་ལུ་ ལོ་ངོ་༣ གྱི་རིང་ ལཱ་འབད་ནི་གི་ གན་ཡིག་གུ་ མིང་རྟགས་བཀོད་དགོཔ་སྦེ་སླབ་ད་ མོ་ རྒྱལ་ཁབ་ནང་ ལོག་འགྱོ་ནི་ཟེར་སླབ་སྟེ་ མིང་རྟགས་མ་བཀོད་ཟེར་ཨིན་པས།
མོ་འོངམ་ད་ སྐྱེས་ལོ་༢༧ ལང་མི་དེ་ཡང་ ཉིན་གྲངས་༡༧ ལཱ་འབད་བའི་ གླ་ཆ་ག་ནི་ཡང་ མ་སྤྲོད་པར་ ལོག་བཏང་ཡོདཔ་ད་ མོ་གི་གནམ་གྲུའི་གླ་ཆ་ ཌོ་ལར་༤༥༣ དེ་ སྐྱེས་ལོ་༢༢ ལང་མི་ ཆ་རོགས་དེ་གིས་ སྤྲོད་ཡོདཔ་ཨིན་པས།
ང་ འབྲུག་ལུ་ལྷོདཔ་ཅིག་ མཁན་པོ་བསོད་ནམས་ལུ་ གནམ་གྲུའི་གླ་ཆ་དེ་ མཁན་པོ་ཁོ་ར་དང་ ཡང་ཅིན་ ཏའི་ཝཱན་གྱི་ བཟའ་ཚང་གིས་ ལོག་སྤྲོད་དགོ་ཟེར་སླབ་ད་ མཁན་པོ་གིས་ ག་ཏེ་བསྐྱལ་རུང་བསྐྱལ་ཟེར་སླབ་ལས་ རེས་གཟའ་མིག་དམར་ལུ་ ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུག་ནི་སྦེ་ ཐག་བཅད་ཅི་ཟེར་ ཨ་ལུ་༢ ཀྱི་ཨའི་གིས་ བཤདཔ་ཨིན་པས།
མཁན་པོ་གིས་ སྦྱིན་བདག་བཟའ་ཚང་དེ་གིས་ ལཱ་འབད་མི་ཚུ་ལུ་ ལེགས་ཤོམ་མི་འབད་དོ་ཡོད་པའི་སྐོར་ལས་ ལོ་རྒྱུས་རེ་ སླབ་ཡོད་པ་ཅིན་ ང་ ལཱ་ཁག་སྦེ་ གཡོག་ནང་ལས་ དགོངས་ཞུ་འབད་དེ་ ལཱ་འབད་བར་ བེང་ཀོག་ལུ་ མ་འགྱོ་འོང་ཟེར་ སྐྱེས་ལོ་༢༧ ལང་མི་ ཨམ་སྲུ་དེ་གིས་ བཤདཔ་ཨིན་པས།
ཁོང་ཨམ་སྲུ་༣ གྱི་ཧེ་མར་ཡང་ འབྲུག་གི་ཨམ་སྲུ་༢ ཀྱིས་ བཟའ་ཚང་དེ་ལུ་ ལཱ་འབད་ཡོདཔ་ཨིན་པས།
བརྒྱུད་འཕྲིན་ཐོག་ལས་ དྲི་བའི་སྐབས་ མཁན་པོ་བསོད་ནམས་ཀྱིས་ ད་ལྟོ་ ཁོ་ར་ ཡུ་ཨེསི་ཨེ་ལས་ རྒྱལ་ཁབ་ནང་ ཕེབས་ཡོད་མི་ རིན་པོ་ཆེ་དང་གཅིག་ཁར་ ཕྱག་ཞུ་སྟེ་ཡོདཔ་ལས་ གནད་དོན་དེ་གི་སྐོར་ ཉིནམ་དག་པ་ཅིག་གི་རྒྱབ་ལས་རྐྱངམ་གཅིག་ སླབ་ཚུགས་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment