གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གས་རྫས་ལག་ལེན་གྱི་རྩོད་བཤེར་ འཕྲལ་མགྱོགས་ར་ འགོ་བཙུག་ནི།

༉ དབང་འདུས་ཕོ་བྲང་ བ་འཇོ་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་དཔོན་ཅིག་ལུ་ རྫས་བམ་གས་ཐོག་ལས་ རྐུ་བསད་རྐྱབ་པའི་ དོགས་པ་ཡོད་མི་ སློབ་ཕྲུག་༢ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཞག་སྟེ་ ཉིན་གྲངས་༤༦ ལང་ཡོད་རུང་ ད་ལྟོའི་བར་ན་ཡང་ རྩོད་བཤེར་གྱི་དོན་ལུ་ ཉེས་འཛུགས་མ་འབད་བར་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་སྡེ་འཛིན་ ཀརྨ་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ མ་གཞི་ དོ་དམ་འོག་ལུ་ ཡུན་རིངམོ་སྦེ་ སྡོད་དགོཔ་ཅིག་མེད་རུང་ དོགས་པ་ཅན་༢ ཀྱིས་ རྫས་བམ་ལག་ལེན་གྱི་སྐོར་ལས་ ལེགས་ཤོམ་སྦེ་ ཁ་བཟེད་མ་བཏུབ་ནི་དེ་གིས་ ཉེས་འཛུགས་ངེས་ཏིག་སྦེ་ བཀལ་མ་ཚུགས་ཟེར་ཨིན་པས།


དེ་འབདཝ་ད་ འཕྲལ་ཁམས་ཅིག་ཁར་ ཁོང་གཉིས་ཀྱིས་ རྫས་བམ་བཙུགས་ཡོདཔ་སྦེ་ ཁ་བཟེད་མི་ལུ་བརྟེན་ རྩོད་གཞི་དེ་ འཕྲལ་མགྱོགས་ར་ ཁྲིམས་ཀྱི་འདུན་སར་ བཙུག་འོང་ཟེར་ སྡེ་འཛིན་གྱིས་ བཤདཔ་ཨིན་པས།
འབྲུག་གི་ཞི་རྩོད་དང་ ཉེས་རྩོད་བྱ་བའི་ གནད་སྤྱོད་ཀྱི་ ཁྲིམས་དེབ་དང་འཁྲིལ་བ་ཅིན་ དོགས་ཅན་དེ་ དོ་དམ་འོག་ལུ་བཞག་སྟེ ཞག་གྲངས་༤༩ ལང་རུང་ ཞིབ་དཔྱད་འབད་མ་ཚར་བ་ཅིན་ ཁྲིམས་སྲུང་འགག་པ་གིས་ དོ་དམ་འོག་ལུ་ འཕྲོ་མཐུད་བཞག་ནིའི་དོན་ལུ་ ཁྲིམས་ཀྱི་འདུན་སར་ རྒྱུ་མཚན་དང་བཅསཔ་སྦེ་ དུས་ཐེབས་ཞུ་དགོཔ་ཨིན་པས།
ཨིན་རུང་ དབང་འདུས་ཀྱི་ རྩོད་དོན་དེ་ ཞག་གྲངས་༤༩ མ་ལངམ་ལས་ དོགས་ཅན་༢ ཀྱིས་ རྫུན་ཁ་བཟེད་ཡོདཔ་ལས་ ཞིབ་དཔྱད་མཇུག་བསྡུ་སྟེ་ ཁྲིམས་འདུན་ལུ་ བཤེར་ཡིག་བཙུག་ནིའི་དོན་ལུ་ ཉེས་འཛུགས་ཚུ་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ཨིན་པས།
དོགས་པ་ཅན་གྱི་གྲས་ལས་ གཅིག་ སྐྱེས་ལོ་༡༥ ལང་མི་ བ་འཇོ་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་བུཚ་དང་ གཞན་མི་དེ་ དབང་འདུས་འབྲིང་རིམ་སློབ་གྲྭ་འོག་མའི་སློབ་ཕྲུག་ སྐྱེས་ལོ་༡༦ ལང་མི་ བུཚ་ཨིནམ་ད་ ཁོང་༢ ཀྱིས་ སྤྱི་ཟླ་༣ པའི་ཚེས་༡ གི་ནུབ་མོའི་ཆུ་ཚོད་༡༡.༤༥ དེ་ཅིག་ཁར་ བ་འཇོ་སློབ་གྲྭའི་རྫོང་ཁ་སློབ་དཔོན་སྡོད་སའི་ སྒོ་ཐེམ་གུ་ རྫས་བམ་གས་བཏང་ཡོདཔ་མ་ཚད་ སློབ་དཔོན་ལུ་ འཇིགས་སྐྲག་སྟོན་པའི་ ཉེན་བརྡའི་ཡི་གུ་༣ སྦྱར་ཡོདཔ་ཨིན་པས།
དོགས་པ་ཅན་༢ ལུ་ དྲི་ཞིབ་འབད་མི་ ཁྲིམས་སྲུང་འགག་པའི་འགོ་འཛིན་ ཚེ་དབང་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཁོང་གིས་ འཇིགས་སྐྲག་གི་ ཡི་གུ་སྦྱར་ཡོད་པའི་སྐོར་ལས་ ཁ་བཟེད་པའི་ཁར་ ཞིབ་དཔྱད་འབད་བའི་སྐབས་ལུ་ཡང་ ཉེན་བརྡའི་ཡིག་བཟོ་ཚུ་ལས་ བདའ་ཟུན་ཚུགས་ཅི་ཟེར་ཨིནམ་ད་ ཉེན་བརྡའི་ཡི་གུ་༣ ལས་༢ སློབ་གྲྭའི་བརྡ་བྱང་གུ་ སྦྱར་ཡོདཔ་མ་ཚད་༡ སློབ་དཔོན་སྡོད་སའི་ སྟེང་སྒོ་གུ་ སྦྱར་བཞག་ཡོདཔ་ཨིན་པས།
རྫས་བམ་དེ་ ནུབ་མོར་གས་ཡོད་རུང་ དེའི་སྐོར་ལས་ག་གིས་ཡང་ མ་ཤེསཔ་ལས་ ཁྲིམས་སྲུང་འགག་པ་ལུ་ དེ་གི་ནངས་པར་རྐྱངམ་གཅིག་ སྙན་ཞུ་འབད་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ དེ་ཚེ་ནུབ་མོ་ར་ ཁོང་ལུ་ སྙན་ཞུ་འབད་བ་ཅིན་ རྫས་བམ་གྱི་སྐོར་ལས་ ཤེས་ཚུགས་པའི་ འོས་འབབ་ཡོད་རུང་ དེ་གི་ནངས་པར་ བལྟ་བ་འགྱོ་བའི་བསྒང་ལས་ རྫས་བམ་གས་ཤུལ་དང་ བམ་གྱི་ཤོག་གུ་ དེ་ལས་ རྫས་དཀརཔོ་དུམ་གྲ་རེ་མ་གཏོགས་ བདེན་རྟགས་ལེགས་ཤོམ་ ཐོབ་མ་ཚུགས་ཟེར་ཨིན་པས།
སྡེ་འཛིན་ཀརྨ་ཕུན་ཚོགས་ཀྱིས་འབད་བ་ཅིན་ གས་རྫས་བཙུགས་སའི་ ས་ཁོངས་ནང་ རྫས་བམ་གས་ཤུལ་མེད་མི་ལུ་བལྟཝ་ད་ གས་རྫས་ངོ་མ་མེནམ་བཟུམ་ཅིག་འདུག་ཟེར་ཨིན་པས།
རྫོང་ཁ་སློབ་དཔོན་དེ་ སློབ་ཁང་གི་མཐའ་མར་ སློབ་ཕྲུག་བདག་འཛིན་འཐབ་མི་ དོ་དམ་པའི་ ཁང་མིག་ཅིག་ཡོད་སར་ སྡོད་ཡོདཔ་ལས་ དེ་ཚེ་ནུབ་མོར་ བམ་བཙུགས་པའི་སྐབས་ སྒོའི་ཕྱི་ཁ་ལས་ རྣལ་ལྕགས་རྐྱབ་ཡོད་ནི་དེ་གིས་ དྲོ་པ་ལོངམ་ད་ རྣལ་ལྕགས་རྐྱབ་ཡོདཔ་ཤེས་ཏེ་ ཁྱིམ་ཚང་༡ ལུ་ སླབ་ཐོག་ལས་ སྒོ་ཕྱེ་ལྟཝ་ད་རྐྱངམ་གཅིག་ རྫས་བམ་གསཔ་ཨིནམ་མ་ཤེས་ཟེར་ཨིན་པས།
སློབ་དཔོན་དེ་གིས་ དེ་འཕྲོ་ལས་ སློབ་གྲྭའི་དབུ་འཛིན་འོགམ་ལུ་སླབ་སྟེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ བམ་གས་པའི་ སྐད་གོ་ཡོད་རུང་ ཁོ་གི་སྣང་བ་ལུ་ གཉིད་ལམ་ནང་ཨིན་པས་ཟེར་ མནོ་བའི་ཁར་ ཁོ་དང་གཅིག་ཁར་ཉལ་མི་ ཁོ་རའི་སྤུན་ཆ་དང་ ཆ་རོགས་ཚུ་གིས་ཡང་ སྐད་མ་གོ་བས་ཟེར་ཨིན་པས།
སློབ་ཕྲུག་༢ ཉིནམ་༣ གྱི་རྒྱབ་ལས་ འཛིན་བཟུང་འབད་ཡོད་མི་དེ་ཡང་ བ་འཇོ་ཁྲོམ་ཁར་ ཨོ་ཕྱེ་ཤོག་སྒྲོམ་༩ དང་ བཟའ་ནི་གི་ ཅ་ཆས་ཚུ་ ཨར་རྐུན་འབད་བའི་ དོགས་པ་ལུ་བརྟེན་ བཟུང་བའི་སྐབས་ རྫས་བམ་བཙུགས་མི་དང་ སློབ་དཔོན་ལུ་ ཉེན་བརྡའི་ཡིག་གུ་བྲིས་མི་ཡང་ ཁོང་༢ ཨིན་པའི་ དོགས་པ་ཆགས་ཅི་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
བ་འཇོ་སློབ་གྲྭ་ལས་ཨིན་མི་ སློབ་ཕྲུག་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ ཁོ་གིས་ བྱ་ངན་འབད་མི་དེ་ སློབ་ཁང་ནང་ སློབ་དཔོན་གྱིས་ ཁོ་ལུ་ བཀྲ་མ་ཤིསཔ་འབད་བ་ཅིན་ མི་བཏུབ་ཟེར་ སླབ་ནི་དེ་གིས་ ཁོ་ངོ་ཚ་ཡི་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ ཁོ་གི་ཆ་རོགས་དང་ཕྱད་དེ་ བྱ་ངན་འབད་ནི་སྦེ་ གྲོས་བསྟུན་འབད་ཡི་ཟེར་ སླབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དབང་འདུས་ཕོ་བྲང་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་དོགས་ཅན་དེ་ ཧེ་མ་ཡང་ བྱ་ངན་འབད་མི་ལུ་བརྟེན་ དོ་དམ་ནང་ ལན་ཐེངས་ལེ་ཤ་བཙུགས་ཅི་ཟེར་ཨིན་པའི་གནས་ཚུལ། 

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment