གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨུ་ལ་གཡུས་ཚན་གྱི་ ཞིང་ལམ་བསལ་ནི་ མཚམས་འཇོག་འབད་ཡོདཔ།

ཞིང་ལམ་འཕྲོ་མཐུད་བསལ་ནི་ལུ་ མ་དངུལ་ལངམ་སྦེ་ མེད་པའི་ཁར་ མི་སེར་ཚུ་ ཞིང་ཆུ་བཏོན་ནི་གི་ ལཱ་འབད་དགོ་ནི་དེ་གིས་ཨིན་ཟེར་ རྒཔོ་གིས་ སླབ་ཨིན་པས།


མཚམས་འཇོག་འབད་མི་ ཨུ་ལ་གཡུས་ཚན་གི་ཞིང་ལམ།
ཟླ་༤ པའི་ཚེས་༢༤། ༉ ན་ཧིང་ དབང་འདུས་ཕོ་བྲང་ རུ་སྦིས་ས་རྒེད་འོག་ནང་ སོ་ནམ་ཞིང་ལམ་ ཀི་ལོ་མི་ཊར་༨ དེ་ཅིག་ བསལ་ནི་ཨིན་ཟེར་སླབ་སྟེ་ ལཱ་འགོ་བཙུགས་པའི་སྐབས་ མི་སེར་ཚུ་ སེམས་དགའ་དྲགས་ཏེ་ སྤྲོ་སྟོན་ལས་རིམ་ཚུ་ གོ་འདྲེན་འཐབ་པའི་ཁར་ མཛར་ཅུམ་ཡང་བཟའ་སྟེ་ རྟེན་འབྲེལ་བརྩི་ཡི་ཟེར་ གཡུས་མི་ཅིག་གིས་ སླབ་ཨིན་པས།


ཨིན་རུང་ ཞིང་ལམ་ཀི་ལོ་མི་ཊར་༡.༥ དེ་ཅིག་ བསལ་བའི་ཤུལ་ལས་ བདུན་ཕྲག་ཧེ་མའི་ནང་ ལམ་སེལ་གྱི་ ལཱ་མཚམས་འཇོག་འབད་དེ་ ས་བརྐོ་འཕྲུལ་ཆས་དེ་ཡང་ རྒེད་འོག་གཞན་ཁར་ བདའ་འགྱོ་སར་མཐོངམ་ད་ མི་སེར་ཚུ་ལུ་ སེམས་ཕམ་བྱུང་ཡི་ཟེར་ མི་ནགཔ་གཞན་ཅིག་གིས་ སླབ་ཨིན་པས།
འཆར་གཞིའི་ནང་ མ་ཚུད་མི་ ཞིང་ལམ་དེ་ ཨུ་ལ་གཡུས་ཚན་གྱི་ ཁྱིམ་གུང་༢༥ ལུ་ ཕན་ཐབས་ལུ་དམིགས་ཏེ་ འདེམས་ཁོངས་གོང་འཕེལ་མ་དངུལ་ལས་ དངུལ་ཀྲམ་ས་ཡ་༠.༨ ཟད་འགྲོ་བཏང་ཐོག་ལས་ བསལ་ནི་འགོ་བཙུགས་ཡོདཔ་ཨིན་པས།
ད་ལྟོ་ ཐིམ་ཕུ་ལུ་ ཚོང་རྐྱབ་སྡོད་མི་ ཨུ་ལ་ལས་ ཨོ་རྒྱན་རྡོ་རྗེ་གིས་  སླབ་མིའི་ནང་ འཕྲུལ་ཆས་དེ་ རྒེད་འོག་གཞན་ནང་ མ་གཏང་པར་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་ནིའི་དོན་ལུ་ འདེམས་ཁོངས་ཀྱི་འཐུས་མི་ པ་སངས་འཕྲིན་ལས་ལུ་ ཞུ་བ་འབད་དེ་ གནང་སྦྱིན་མ་དངུལ་ལས་ དངུལ་ཀྲམ་འབུམ་༣ ཧེང་སྐལ་ཐོབ་ཡོད་རུང་ རྒཔོ་གིས་ ཞིང་ལམ་བསལ་མི་དེ་གིས་ རང་བཞིན་གནས་སྟངས་ལུ་ གནོད་པ་འདུག་ཟེར་སླབ་སྟེ་ ལེན་མ་བཏུབ་ཟེར་ཨིནམ་ད་ ལམ་སེལ་གྱི་དོན་ལུ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ལས་ རང་བཞིན་གནས་སྟངས་ཀྱི་ ཉོགས་མེད་ལག་ཁྱེར་ཐོབ་ཡོདཔ་ཨིན་པས།
ལཱ་དེ་ མཚམས་འཇོག་མ་འབད་བར་ འཕྲོ་མཐུད་དེ་ར་ འབད་ཡོད་པ་ཅིན་ རྒེད་འོག་གིས་ ཞུ་བ་འབད་དེ་ཡོད་མི་ མ་དངུལ་ས་ཡ་༤ པོ་དེ་ཡང་ ཐོབ་ཚུགས་ནི་དང་ ལཱ་ཡང་མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་ཅི་ཟེར་ ཨོ་རྒྱན་རྡོ་རྗེ་གིས་ སླབ་ཨིན་པས།
ཨོ་རྒྱན་རྡོ་རྗེ་གིས་འབད་བ་ཅིན་ ས་བརྐོ་འཕྲུལ་ཆས་ཀྱི་ དེད་གཡོགཔ་དེ་ གཞུང་གཡོག་གི་ དགོངས་ཞུའི་ལོ་གྲངས་ཚང་ཡོདཔ་ལས་ མི་སེར་གྱིས་ ཁོ་ལུ་ དངུལ་ཕོགས་སྤྲོད་མི་ཚུགས་ནི་ཨིནམ་ལས་ ཁོ་གཏང་དགོཔ་སྦེ་སླབ་རུང་ རྒེད་འོག་བདག་སྐྱོང་གིས་ དངུལ་ཕོགས་སྤྲོད་དེ་ར་ བཞག་ཡོད་ཟེར་ཨིན་པས།
རུ་སྦིས་སའི་རྒཔོ་ རྒྱལ་མཚན་གྱིས་ སླབ་མིའི་ནང་ ལམ་སེལ་གྱི་ལཱ་ མཚམས་འཇོག་འབད་བཞག་དགོ་མི་དེ་ཡང་ མ་དངུལ་མེད་མི་དང་ གྲོང་གསེབ་ཀྱི་ མི་སེར་ཚུ་ ཞིང་ཆུ་བཏོན་ནི་གི་ ལཱ་འབད་བའི་བསྒང་ཡོད་ནི་དེ་གིས་ཨིན་པའི་ཁར་ ལམ་བསལ་བའི་སྐབས་ ས་རོ་རྡོ་རོ་ཚུ་ གཞན་ཁར་འབག་སྟེ་ བཀོ་ས་མེད་པར་ ས་གནས་ནང་ར་ བླུགས་དགོཔ་ལས་ རང་བཞིན་གནས་སྟང་ལུ་ གནོད་སྐྱོན་འདུག་ཟེར་ཨིན་པས།
དེད་གཡོགཔ་ལུ་ གླ་ཆ་སྤྲོད་བཞིན་དུ་ཡོད་པའི་ ཁ་ཉེས་བཀལ་མི་དེ་ མི་བདེན་ཟེར་ཨིནམ་ད་ རྒཔོ་གིས་འབད་བ་ཅིན་ དེད་གཡོགཔ་དེ་ ས་ཁོངས་ནང་ ལཱ་འབད་དེ་ ཟླ་ངོ་ཕྱེད་དང་༩ དེ་ཅིག་ ལང་སོ་རུང་ དངུལ་ཕོགས་ཚར་ཅིག་ཡང་ སྤྲོད་མ་ཚུགས་ཟེར་ཨིན་པས།
ཞིང་ལམ་བསལ་ཚར་མི་དེ་ ས་ཁོངས་བདེ་ཏོག་ཏོ་ཅིག་ནང་ཨིནམ་ད་ ད་རེས་ ལམ་དེ་ བྱག་དང་ ས་གོ་དོག་དྲགས་ནང་ལས་ཕར་ བསལ་དགོ་པའི་ཁར་ གློག་མེའི་ཀཝ་ཚུ་ལུ་ཡང་ ཕོག་དོ་ཡོདཔ་ལས་ དངུལ་ཀྲམ་འབུམ་༣ གྱིས་ ག་ཅི་ཡང་ འབད་མི་ཚུགས་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།
ཨིན་རུང་ རྒེད་འོག་གིས་ དངུལ་ཀྲམ་འབུམ་༣༠ དགོཔ་སྦེ་ སོ་ནམ་ལྷན་ཁག་ལུ་ ཞུ་བ་འབད་ཡོད་མི་དེ་ དུས་ཅི་ སྤྱི་ཟླ་༧ པའི་ནང་ ཐོབ་ཚུགས་པའི་ རེ་བ་ཡོདཔ་ལས་ ཞིང་ལམ་བསལ་ནིའི་ ལཱ་དེ་ཡང་ ལོག་འགོ་བཙུག་འོང་ཟེར་ཨིན་པས།
དེ་མ་ཚད་ གཡུས་ཚན་གྱི་ ཕྱི་ཁར་སྡོད་མི་ཚུ་གིས་ གཡུས་མི་ཚུ་གི་ དཀའ་ངལ་ལུ་ མ་བལྟ་བར་ བཟོ་སྐྲུན་གྱི་ལཱ་དེ་ འབད་དགོཔ་སྦེ་ ཨུ་ཚུགས་བསྐྱེད་སྡོདཔ་མས་ཟེར་ རྒཔོ་གིས་ བཤད་པའི་ཁར་ འཕྲལ་ཁམས་ཅིག་ཁར་ མི་སེར་ཚུ་དང་ འཛོམས་འདུ་ཅིག་ རྐྱབ་པའི་སྐབས་ལུ་ ད་རེས་ནངས་པ་ མི་སེར་ཚུ་ ཆུ་གཡུར་གྱི་ ལཱ་འབད་དགོཔ་ཡོདཔ་ལས་ ཞིང་ལམ་བསལ་ནིའི་ལཱ་དེ་ མཚམས་འཇོག་འབད་དགོཔ་སྦེ་ར་ སླབ་དེས་ཟེར་ བཤདཔ་ཨིན་པས།
ཨ་ད་ཐད་འཚོའི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ པ་སངས་འཕྲིན་ལས་ཀྱིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ འཆར་གཞི་༡༠ པའི་དོན་ལུ་ གོང་འཕེལ་གྱི་ ལས་སྣ་སྦོམ་ག་ཅི་ཡང་མེདཔ་ཨིན་རུང་ སྤང་ཟོ་གཡུར་བ་ཟེར་ ཞིང་ཆུ་བཏོན་ནི་གི་ འཆར་གཞི་ཅིག་ཡོད་མིའི་་དོན་ལུ་ ཨེ་ཤི་ཡཱན་ གོང་འཕེལ་དངུལ་ཁང་གིས་ མ་དངུལ་ས་ཡ་༢༠ བཞག་ཡོདཔ་ཨིན་རུང་ ཤུལ་ལས་ ཞིབ་འཇུག་འབདཝ་ད་ ཟད་འགྲོ་དངུལ་ཀྲམ་དུང་ཕྱུར་ལས་བཅད་དེ་ གནས་ནི་ཨིན་པའི་ སྔོན་རྩིས་ཐོནམ་ལས་ འབད་མ་ཚུགས་ཟེར་ཨིན་པས།
དེ་འབདཝ་ད་ ཞིང་ཆུ་བཏོན་ནིའི་ མ་དངུལ་དེ་ ཞིང་ལམ་ལུ་ བསྒྱུར་བཅོས་འབད་ཐབས་མེདཔ་ལས་ ལམ་སེལ་གྱི་ལཱ་དེ་ འགོ་བཙུག་ནིའི་དོན་ལུ་ ཁོ་རའི་ འདེམས་ཁོངས་གོང་འཕེལ་མ་དངུལ་ལས་ དངུལ་ཀྲམ་འབུམ་༨ བྱིན་ཡོདཔ་མ་ཚད་ རྫོང་ཁག་བདག་སྐྱོང་གིས་ སྤྱི་ལོ་༢༠༡༢ དང་༢༠༡༣ གྱི་རྩིས་ལོ་ནང་ ཞིང་ལམ་དེ་གི་དོན་ལུ་ མ་དངུལ་ས་ཡ་༤ དགོ་པའི་ གྲོས་འཆར་བཙུགས་ཡོད་མི་དེ་ མ་ཐོབ་ཚུན་ལུ་ ས་ཁོངས་ཀྱི་ འཕྲུལ་ཆས་ཚུ་ གཡོག་བཀོལ་ཏེ་ བཞག་ཐབས་ལུ་དམིགས་ཏེ་ མི་སེར་ཚུ་གི་ ཞུ་བ་དང་འཁྲིལ་ འདེམས་ཁོངས་གོང་འཕེལ་མ་དངུལ་ལས་ ད་རུང་ དངུལ་ཀྲམ་འབུམ་༣ ཧེང་སྐལ་ལག་ལེན་འཐབ་ཆོག་པའི་ གནང་བ་སྤྲོད་ཅི་ཟེར་ འཐུས་མི་པ་སངས་འཕྲིན་ལས་ཀྱིས་ བཤདཔ་ཨིན་པས།
ཨིན་རུང་ ལམ་སེལ་ལཱ་དེ་གིས་ རང་བཞིན་གནས་སྟངས་ལུ་ གནོད་པ་ཚུ་ཡོད་པའི་ ཚ་གྱང་ལུ་བརྟེན་ རྒཔོ་གིས་ ཁས་ལེན་མ་བཏུབ་ འོང་ནི་མས་ཟེར་ སླབ་ཨིན་པས།
དབང་འདུས་ཕོ་བྲང་གི་རྫོང་བདག་ ལྷུན་གྲུབ་དབང་ཕྱུག་གིས་འབད་བ་ཅིན་ ཤུལ་མའི་འཆར་ལོ་ནང་ ཞིང་ལམ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༤ དགོ་པའི་ གྲོས་འཆར་བཀོད་མི་དེ་ བདུན་ཕྲག་༡ དེ་ཅིག་གི་ཧེ་མར་ གཞུང་ལུ་ བཙུགས་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ འཕྲུལ་ཆས་ཚུ་ཡང་ ཐད་འཚོ་རྒེད་འོག་ནང་ བཏང་ཡོདཔ་ད་ ཤུལ་ལས་ མ་དངུལ་དེ་ ཐོབ་པའི་བསྒང་ལས་ ལཱ་དེ་ ཁག་འབགཔ་ལུ་ སྤྲོད་ཐོག་ལས་ འབད་བཅུག་ནི་ཨིན་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment