གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་སོ་ནམ་པ་ཚུ་ ན་ཧིང་གི་ཀེ་བ་ར་ བཙོང་མ་ཚུགས་པར་ཡོདཔ།

ན་ཧིང་གི་ལོ་ནང་ ཀེ་བའི་ཐོན་ཤུགས་ལེགས་ཤོམ་ཡོད་རུང་ ཚོང་འབྲེལ་ལེགས་ཤོམ་མེད་མི་ལུ་བརྟེན་ ཀེ་བ་ཚུ་ ནོར་གྱི་ཆག་སྦེ་ བྱིན་དགོཔ་ཐོན་པའི་ཁར་ ལ་ལུ་ཅིག་ རུལ་ཉམས་ཐལ་ཡོདཔ་ཨིན་པས།



ཟླ་༤ པའི་ཚེས་༢༨


བཙོང་མ་ཚུགས་པར་ལུས་མི་ ཤིང་གཉེར་གྱི་ སོ་ནམ་པ་ཅིག་གི་ཀེ་བ་ཚུ།
༉ རྒྱལ་ཁབ་ནང་ ཀེ་བ་འཛུགས་སྐྱོང་གི་ ལཱ་འབད་མི་ཚུ་གིས་ ཧ་ལམ་ ཀེ་བ་བཙུགས་ཚར་དོ་ཡོདཔ་ཨིན་རུང་ བུམ་ཐང་ཨུ་ར་རྒེད་འོག་ ཤིང་གཉེར་གཡུས་ཚན་བཟུམ་ཅིག་ནང་འབད་བ་ཅིན་ ན་ཧིང་ ཐོན་སྐྱེད་འབད་མི་ ཀེ་བའི་ཚུ་ཡང་ བཙོང་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།


ཤིང་གཉེར་གཡུས་ཚན་དེ་ ཀེ་བ་འཛུགས་སྐྱོང་གི་ལཱ་ནང་ གཙོ་བོར་བཏོན་མི་ཅིག་ཨིན་རུང་ གཡུས་སྒོའི་མི་ཚུ་གིས་འབད་བ་ཅིན་ ན་ཧིང་ ཀེ་བའི་ཐོན་ཤུགས་ལེགས་ཤོམ་ཡོད་པའི་སྐབས་ ཚོང་འབྲེལ་ལེགས་ཤོམ་མེད་ནི་དེ་གིས་ བཙོང་མ་ཚུགསཔ་ལས་ ལ་ལུ་ཅིག་གིས་ ནོར་གྱི་ཆག་སྦེ་ བྱིན་དོ་ཡོདཔ་ད་ ཀེ་བའི་དོས་ཚུ་ ལ་ལུ་ཅིག་ རུལ་ཏེ་མེདཔ་ཐལ་དོ་ཡོདཔ་ཨིན་པས།
ཨཔ་དོན་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ན་ཧིང་ ས་ཆ་ཨེ་ཀར་༡ དེ་ཅིག་ནང་ལས་ ཀེ་བ་ཕད་ཙེ་༨༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ཡོདཔ་ཨིན་རུང་ ཕད་ཙེ་༡༠ དེ་ཅིག་ལས་ བཙོང་མ་ཚུགས་ཟེར་ཨིནམ་ད་ ལྷག་ལུས་ཚུ་ག་ར་ དེ་སྦེ་ར་ བཞག་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ན་ཧིང་ ཚོང་འབྲེལ་ལེགས་ཤོམ་མེད་ནི་དེ་གིས་ ཉེ་འདབས་ཀྱི་གཡུས་ཚན་ སྟང་སི་སྦིས་དང་ ཤིང་མཁར་ དེ་ལས་ ཨུ་རའི་ མི་སེར་སོ་ནམ་པ་ཚུ་ལུ་ ཕད་ཙེ་རེ་ལུ་ གོང་ཚད་དངུལ་ཀྲམ་༣༠༠ འབད་ བཙོང་དགོཔ་བྱུང་ཡི་ཟེར་ཨིནམ་ད་ ཕུན་ཚོགས་གླིང་ལུ་ སྐྱེལ་འདྲེན་འབད་ཚུགས་པ་ཅིན་ ཕད་ཙེ་རེ་གིས་ དངུལ་ཀྲམ་༧༠༠ ལྷགཔ་རེ་ འཐོབ་ཚུགས་པས་ཟེར་ཨིན་པས།
ཨིན་རུང་ ན་ཧིང་ ཚོང་འབྲེལ་ལེགས་ཤོམ་མེད་པ་ལུ་བརྟེན་ཏེ་ ཕུན་ཚོགས་གླིང་ལུ་ ཀེ་བ་བཙོང་པར་ འབག་འགྱོ་མི་ གཡུས་སྒོའི་མི་ལེ་ཤ་ཅིག་ར་ གྱོང་རྒུད་ཕོག་ཅི་ཟེར་ཨིན་པས།
སྐྱེས་ལོ་༣༣ ལང་མི་ ཨ་ལུ་༤ གི་ཨའི་ ཀུན་བཟང་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གི་ ས་ཆ་ཨེ་ཀར་ཕྱད་དང་༢ ནང་ ཀེ་བའི་སོན་ ཀེ་ཇི་༥༠ ལྷགཔ་ཅིག་ འཛུགས་སྐྱོང་འབད་མི་གིས་ ཕད་ཙེ་༨༠ ལྷགཔ་ཅིག་ ཐོན་སྐྱེད་འབད་མི་དེ་ ཕུན་ཚོགས་གླིང་ལུ་ རིན་བསྡུར་ཁང་ནང་ བཙོང་ནིའི་དོན་ལུ་ དོས་རེ་ལུ་ སྐྱེལ་འདྲེན་གྱི་གླ་ཆ་ དངུལ་ཀྲམ་༢༣༠ རེ་སྤྲོད་དེ་ སྐྱེལ་འདྲེན་འབད་ཡི་ཟེར་ཨིན་པས།
ཨིན་རུང་ ཕུན་ཚོགས་གླིང་ལུ་ལྷོདཔ་ད་ ཕད་ཙེ་རེ་གིས་ གོང་ཚད་མཐོ་ཤོས་ དངུལ་ཀྲམ་༣༠༠ ལས་བརྒལ་ ཐོབ་མ་ཚུགས་ནི་དེ་གིས་ བྱ་ཐབས་མེད་པར་ བཙོང་དགོཔ་བྱུང་ཡི་ཟེར་ཨིན་པས།
མོ་གིས་ ཀེ་བ་ཕད་ཙེ་༨༠ བཙོངམ་ད་ དངུལ་ཀྲམ་༢༠,༠༠༠ དེ་ཅིག་ ཐོབ་མིའི་ཐོག་ལས་ སྣུམ་འཁོར་གྱི་གླ་ཆ་ དངུལ་ཀྲམ་༡༨,༤༠༠ དེ་ཅིག་ སྤྲོད་ཅི་ཟེར་ཨིནམ་ད་ ད་ལྟོ་ ལྷག་ལུས་ ཕད་ཙེ་༡༥ དེ་ཅིག་ ཁྱིམ་ནང་དེ་སྦེ་ར་ བཞག་སྟེ་ཡོད་ཟེར་ཨིན་པས།
དོན་གྲུབ་ཀྱིས་ སླབ་མིའི་ནང་ ཀེ་བ་ཚུ་ ཐ་ན་ སྒོ་ནོར་ཚུ་ལུ་ཡང་ བྱིན་མ་ཚར་ནི་དེ་གིས་ འཕྲལ་འཕྲལ་སྦེ་ར་ རུལ་མི་ཚུ་ བསལ་ཞིནམ་ལས་ བཀོ་དགོཔ་ཐོནམ་མས་ཟེར་ཨིནམ་ད་ ན་ཧིང་བཟུམ་སྦེ་ དུས་ཅི་ཡང་ བཙོང་མ་ཚུགས་པ་ཅིན་ དབུགས་འགམ་པའི་ གཞི་ཅིག་ཨིན་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཤིང་གཉེར་གྱི་མི་ཚུ་ མང་ཤོས་ར་ ཀེ་བ་ལུ་བརྟེན་ཏེ་ འཚོ་སྐྱོང་འཐབ་སྡོད་དོ་ཡོདཔ་ལས་ ཆུམ་ཉོ་ནི་གི་ ཏི་རུ་མེད་པར་ ལ་ལུ་ཅིག་གིས་ ཀེ་བ་ཕད་ཙེ་རེ་ལུ་ གོང་ཚད་དངུལ་ཀྲམ་༡༠༠ རེ་འབད་ བཙོང་དགོཔ་ཐོན་ཡི་ཟེར་ཨིན་པས།
གཡུས་མི་ལ་ལུ་ཅིག་གིས་ འབྲུག་གོང་འཕེལ་དངུལ་ཁང་ལས་ སྐྱིན་འགྲུལ་ལེན་ཏེ་ ཀེ་བའི་སོན་ཚུ་ ཉོ་ཡོདཔ་ལས་ ད་ལྟོའི་བར་ན་ཡང་ སྐྱིན་ཚབ་བཏབ་མ་ཚུགས་པར་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment