གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞལམ་སྒང་ལས་ བྱང་སྟོར་ཤོར་མི་སློབ་ཕྲུག་ མུམ་བཱ་ཡེ་ལུ་ཡོདཔ།

ཟླ་༤ པའི་ཚེས་༢༥

 བུཚ་དེ་ འཕྲལ་མགྱོགས་ར་ རྒྱལ་ཁབ་ནང་ ལེན་ཚུགས་པའི་རེ་བ།

༉ ན་ཧིང་ སྤྱི་ཟླ་༩ པའི་ནང་ གཞལམ་སྒང་སློབ་གྲྭ་ནང་ལས་ སྐྱེས་ལོ་༡༦ ལང་མི་ བུཚ་༡ གར་སོང་མེད་པར་ བྱང་མི་དེ་ རྒྱ་གར་གྱི་ཁྲོམ་སྡེ་ མུམ་བཱ་ཡེ་ལུ་ཡོད་པའི་སྐོར་ལས་ ནིའུ་ལྡི་ལི་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཚུ་གིས་ སྙན་ཞུ་ཐོབ་ཡོདཔ་ད་ བུཚ་དེ་ མི་ནག་ཚོང་འཐབ་མི་ཚུ་གིས་ བཙན་ཁྲིད་འབད་བའི་ དོགས་པ་ཡོདཔ་ཨིན་པས།


གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སྤྱི་ཟླ་༣ པའི་ཚེས་༡ ལུ་ འབྲུག་མི་ཨིན་ཟེར་སླབ་མི་ བུཚ་ཅིག་ཡོད་མི་དེ་ ངོས་འཛིན་འབད་དགོ་པའི་སྐོར་ལས་ མུམ་བཱ་ཡེ་ ཁྲིམས་སྲུང་འགག་པ་ལས་ གློག་འཕྲིན་ཅིག་ ལྷོད་པའི་ཤུལ་ལུ་ དབྱེ་ཞིབ་འབདཝ་ད་ བུཚ་དེ་ ཟླཝ་༦ གི་ཧེ་མར་ གཞལམ་སྒང་ལས་ བྱང་སྟོར་ཤོར་མི་ བཀྲིས་ཕུན་ཚོགས་ཨིན་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
བཀྲིས་ཕུན་ཚོགས་ཀྱིས་ གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཚུ་ལུ་ དེ་བསྒང་ ཁོ་ར་ སློབ་གྲྭ་ནང་ལས་ ལོག་ཁྱིམ་ནང་ འོང་བའི་ལམ་ཁར་ ངོ་མ་ཤེས་མི་ ཕོ་སྐྱེས་༡ དང་ ཨམ་སྲུ་ཅིག་གིས་ ཁོང་རའི་སྣུམ་འཁོར་ཧའི་ལཱགསི་ནང་བཙུགས་ཏེ་ ཁྱིད་སོང་ཡོདཔ་སྦེ་ སླབ་ཡོདཔ་ད་ ཁོ་ར་ མུམ་བཱ་ཡེ་ལུ་ ག་དེ་སྦེ་ ལྷོད་ལྷོདཔ་ཨིན་ན་ ཁ་གསལ་སྦེ་ སླབ་ནི་མེདཔ་ཨིན་རུང་ མུམ་བཱ་ཡེ་ལུ་ ཟ་ཁང་ཅིག་ནང་ ཟླཝ་༢ དེ་ཅིག་ ལཱ་འབད་སྡོད་ཡོདཔ་སྦེ་སླབ་ནུག།
གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བཀྲིས་ཕུན་ཚོགས་དེ་ རྒྱལ་ཁབ་ནང་ ལོག་ལེན་ནིའི་དོན་ལུ་ མུམ་བཱ་ཡེ་ཁྲིམས་སྲུང་འགག་པ་ཚུ་དང་ འབྲེལ་བ་འཐབ་རུང་ མཐར་འཁྱོལ་བྱུང་མ་ཚུགསཔ་ལས་ མཐའན་མཇུག་ལུ་ མུམ་བཱ་ཡེ་ལུ་ཡོད་མི་ དུར་གཱ་ཨ་ལུའི་མཐའ་སྐྱོང་ལྟེ་བ་དང་ འབྲེལ་བ་འཐབ་མི་ལུ་བརྟེན་ ཁོང་གིས་ བུཚ་དེ་ བསྐྱལ་བར་འོང་ནི་གི་ ཁ་བཟེད་ཡོདཔ་ལས་ འཕྲལ་མགྱོགས་ར་ ལྷོད་ནི་གི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ བུཚ་དེ་གིས་ མུམ་བཱ་ཡེ་ལུ་ལྷོད་དེ་ ཟླཝ་༢ ཀྱི་རྒྱབ་ལས་ར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོད་རུང་ བྱ་སྒོའི་ལམ་ལུགས་ཚུ་ལུ་བརྟེན་ ཡུན་འགྱངས་ལུས་སོཔ་ཨིན་པས།
བཀྲིས་ཕུན་ཚོགས་དེ་ སློབ་གྲྭ་ནང་ སོང་བའི་ཤུལ་ལས་ ཁྱིམ་ནང་ལོག་མ་འོངམ་ལས་ ཨའི་པདྨ་གཡང་འཛོམས་ཀྱི་ སེམས་ཁ་ལུ་ མོ་རའི་བུ་དེ་ ཨ་རྟག་བཟུམ་སྦེ་ སློབ་གྲྭ་ལས་ ཀི་ལོ་མི་ཊར་དག་པ་ཅིག་གི་ ས་ཁར་ཡོད་པའི་ ཁོང་རའི་གཡུས་ཁར་ ཡར་སོཔ་འོང་ནི་མས་མནོ་སྟེ་ སྡོད་ཡོདཔ་ཨིན་པས།
ཨིན་རུང་ ཉིནམ་༤ དེ་ཅིག་གི་རྒྱབ་ལས་ སློབ་རིམ་༨ པའི་ནང་ལྷབ་མི་ བུཚ་དེ་ སློབ་གྲྭ་ནང་ མ་འོང་བའི་སྐོར་ལས་ ཨའི་མོ་ར་ལུ་ བརྒྱུད་འཕྲིན་ལྷོདཔ་ད་རྐྱངམ་གཅིག་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
ཨ་ལུ་༣ གྱི་ཨའི་ པདྨ་གཡང་འཛོམས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བསྒང་ སྐྱེས་ལོ་༨༦ འབད་མི་ མོ་རའི་ཨ་པ་ བལྟ་དགོཔ་ཡོད་རུང་ བཀོག་བཞག་སྟེ་ མོ་རའི་བུམོ་ཁྱིད་དེ་ ཀྲོང་གསར་དང་ བུམ་ཐང་ དགེ་ལེགས་ཕུག་ཚུ་ནང་ བུ་འཚོལ་བར་ སོང་རུང་ འཚོལ་མ་ཐོབ་ཟེར་ཨིན་པས།
མོ་ར་ བུ་འཚོལ་བར་ འགྱོ་དགོཔ་ཐོན་ནི་དེ་གིས་ བཞེས་སྒོ་བྱིན་ཏེ་ བདག་འཛིན་འཐབ་མི་མེད་པར་ལུས་མི་ མོ་གི་ ཨ་པ་དེ་ཡང་ བདུན་ཕྲག་༡ གི་རྒྱབ་ལས་ གྱོངས་སོཔ་ཨིན་པས།
སྐྱེས་ལོ་༤༤ ལང་མི་ པདྨ་གཡང་འཛོམས་དེ་ གཞལམ་སྒང་ཁྲོམ་ལས་ ཀི་ལོ་མི་ཊར་༨ དེ་ཅིག་གི་ ས་གནས་དབང་འདུས་སྒང་ལུ་ སྡོད་དོ་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ མོ་གི་བུ་དེ་ རྩ་ལས་ར་ འཚོལ་མ་ཐོབ་ལས་ ཤི་སོཔ་འོང་ནི་མས་ཟེར་མནོ་སྟེ་ སྡོད་ཡོདཔ་མ་ཚད་ མོ་གི་བཟའ་ཚང་ནང་ལས་ ཕོ་སྐྱེས་༢ ཤི་སོཔ་ལས་ མྱ་ངན་ཐོག་ལུ་སྡོད་དགོཔ་ བྱུང་ཡི་ཟེར་ཨིན་པས།
དེ་འབདཝ་ད་ འདས་པའི་ཟླ་ངོ་༢ དེ་ཅིག་གི་ཧེ་མར་ རྒྱ་གར་ནིའུ་ལྡི་ལི་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་ནང་ལས་ མི་ཅིག་གིས་ མོ་གི་བུ་དེ་ རྒྱ་གར་གྱི་ཁྲོམ་སྡེ་ མུམ་བཱ་ཡེ་ལུ་འདུག་ཟེར་ བརྒྱུད་འཕྲིན་ལྷོད་མི་ལུ་བརྟེན་ མོ་ལུ་ དགའ་བ་ཚད་མེད་བྱུང་ཡི་ཟེར་ པདྨ་དབྱངས་འཛོམས་ཀྱིས་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ བུ་དེ་ འཕྲལ་མགྱོགས་ར་ མོ་ར་འབད་སར་ ལོག་ལྷོད་བཅུག་ཟེར་ ཨ་རྟག་ར་ སྨོན་ལམ་བཏབ་དོ་ཟེར་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment