གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་གྱི་རྐྱེན་ངན་ནང་ སློབ་གྲྭའི་སློབ་དཔོན་༢ ལུ་ཤི་རྐྱེན།

ཟླ་༤ པའི་ཚེས་༢༨

༉ སྤྱི་ཟླ་༤ པའི་ཚེས་༢༦ གི་ནུབ་མོ་ བསམ་རྩེ་རྡོ་རོ་ཁའི་ ཞིང་ལམ་བདའ་སྟེ་ འགྲུལ་སྐྱོད་འབད་མི་ སྣུམ་འཁོར་ཊུག་སཱན་ཅིག་ ལམ་འོག་ལས་མར་ མི་ཊར་༢༠༠ དེ་ཅིག་ རྦོབ་རིལ་སོ་མི་ནང་ སློབ་གྲྭའི་སློབ་དཔོན་ ཕོ་སྐྱེས་༢ ལུ་ ཤི་རྐྱེན་དང་ སློབ་དཔོན་གཞན་༣ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།


རྐྱེན་ངན་དེ་ཡང་ སེང་སྡེང་འབྲིང་རིམ་སློབ་གྲྭ་བར་མའི་ དབུ་འཛིན་དང་ དབུ་འཛིན་འོག་མ་ དེ་ལས་ ནང་སྡོད་སློབ་ཕྲུག་ཚུ་གི་ དོ་དམ་པ་དང་ སློབ་དཔོན་གཞན་༢ རྡོ་རོ་ཁ་ལས་ ཀི་ལོ་མི་ཊར་༥ གི་ས་ཁར་ ཡ་བྷ་ལ་རྩྭ་འབྲོག་ལས་ རྡོ་རོ་ཁ་ལུ་ ལོག་འགྱོ་བའི་ལམ་ཁར་ བྱུང་ཡོདཔ་ད་ ཤི་རྐྱེན་བྱུང་མི་༢ ལས་༡ དོ་དམ་པ་དང་ གཞན་མི་དེ་ སློབ་དཔོན་ཨིན་པས།
རྐྱེན་ངན་དེ་གི་སྐོར་ལས་ ཁ་ཙ་ དྲོ་པའི་ཆུ་ཚོད་༣ དེ་ཅིག་ཁར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ སློབ་དཔོན་ཚུ་ ཡ་བྷ་ལ་རྩྭ་འབྲོག་ལུ་ སྤྱི་ཟླ་༥ པའི་ཚེས་༢ ལུ་ སློབ་གྲྭ་ནང་ ཤེས་རིག་བརྒྱ་འཁོར་དུས་སྟོན་ བརྩི་སྲུང་གི་དོན་ལུ་ མར་དང་ དར་ཚིལ་ཚུ་ མཁོ་མངགས་འབད་བར་ སོང་ནུག་ཟེར་ཨིན་པས།
དུས་ཚོད་འ་ནེམ་ཅིག་ཁར་ ཧཱ་གི་མི་སེར་ཚུ་གིས་ ནོར་སེམས་ཅན་ཚུ་ རྩྭ་འབྲོག་དེ་ནང་ སྤོ་བཤུད་འབད་དོ་ཡོདཔ་ལས་ མི་མང་ཤོས་ར་ མར་དང་ དར་ཚིལ་ཉོ་བར་ ས་གནས་དེ་ནང་ འགྱོ་དོ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ སློབ་དཔོན་ཚུ་ ཡ་བྷ་ལ་ལུ་ ཕྱི་རུ་ཁམས་ཅིག་ཁར་སོང་སྟེ་ ནུབ་མོའི་ཆུ་ཚོད་ ཕྱེད་དང་༩ དེ་ཅིག་ཁར་ སློབ་གྲྭ་ནང་ ལོག་འགྱོ་བའི་སྐབས་ ས་གནས་ཅའུ་ཏ་རི་ལུ་ལྷོདཔ་ད་ རྦོབ་རིལ་སོ་ནུག་ཟེར་ཨིནམ་ད་ དེ་བསྒང་ སྣུམ་འཁོར་བཏང་མི་དེ་ དབུ་འཛིན་ཨིན་མས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ དེ་ཚེ་ནུབ་མོ་ ཆརཔ་ཤུགས་སྦེ་རྐྱབ་ནི་དེ་གིས་ མིག་གིས་ ལེགས་ཤོམ་སྦེ་ མ་མཐོང་མི་ལུ་བརྟེན་ རྐྱེན་ངན་དེ་ བྱུང་བྱུངམ་འོང་ནི་མས་ཟེར་ཨིན་པས།
རྨ་སྐྱོན་དུམ་གྲ་རེ་བྱུང་མི་ སློབ་དཔོན་༣ གྱིས་ ཁོང་རའི་ཆ་རོགས་ཚུ་ལས་ རྒྱབ་སྐྱོར་འཚོལ་ཡོདཔ་བཞིན་དུ་ ཆ་རོགས་ཚུ་འོང་སྟེ་ ནདཔ་༢ དེ་འཕྲོ་ལས་ སྨན་ཁར་ནང་ བསྐྱལ་ཡོད་རུང་ སྨན་ཁང་ནང་ལྷོད་པའི་བསྒང་ལས་ ཤི་སོ་ནུག་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment