གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤིང་ཆ་མ་ལང་པའི་ཁར་ གོང་ཚད་ཡར་སེང་།

༉ ཐིམ་ཕུ་ལུ་ བཟོ་སྐྲུན་གྱི་ལཱ་ཚུ་ ཉིནམ་གཅིག་བ་གཅིག་ ཡར་འཕར་འགྱོ་བའི་བསྒང་ཡོདཔ་ལས་ ཁྱིམ་བཟོ་སྐྲུན་གྱི་ ལཱ་འབད་མི་ཚུ་ལུ་  ཤིང་ཆས་ལངམ་འབད་ ཐོབ་མ་ཚུགས་པའི་ དཀའ་ངལ་ཡོད་པའི་ཁར་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གིས་ ཤིང་ཆས་ཀྱི་ གོང་ཚད་ཡར་སེང་རྐྱབ་མི་ལུ་བརྟེན་ དཀའ་ངལ་སྦོམ་འབད་ར་ ཐོན་དོ་ཡོདཔ་ཨིན་པས།

འཕྲལ་ཁམས་ཅིག་ཁར་ དངུལ་ཁང་ཚུ་ལས་ཡང་ ཁྱིམ་བཟོ་སྐྲུན་གྱི་དོན་ལུ་ སྐྱིན་འགྲུལ་བཀག་ཆ་འབད་མི་ལུ་བརྟེན་ ལྷག་པར་དུ་ ཐིམ་ཁྲོམ་ས་ཁོངས་ནང་གི་ ཁག་འབགཔ་ཚུ་ལུ་ བཟོ་སྐྲུན་ལཱ་གི་དོན་ལུ་ དངུལ་འབྲེལ་དང་འབྲེལ་བའི་ དཀའ་ངལ་བྱུང་སྟེ་ཡོད་མི་དེ་ཡང་ བཟོ་སྐྲུན་གྱི་ རྒྱུ་ཆས་ཚུ་ མཁོ་སྒྲུབ་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ལྷན་ཁག་གིས་ རྫོང་ཁག་༢༠ འི་ནང་ ཤིང་ཆའི་གོང་ཚད་ ཡར་སེང་རྐྱབ་ཡོདཔ་ལས་ ཐིམ་ཕུ་རྫོང་ཁག་ནང་འབད་བ་ཅིན་ ཤིང་དྲ་ཁང་ཚུ་ནང་ ཀོང་ཤིང་དབྱེ་ཁག་དང་པའི་ ཤིང་ཆས་ཚུ་ལུ་ སི་ཨེཕ་ཊི་རེ་ལུ་ རིན་གོང་དངུལ་ཀྲམ་༢༧༧.༠༥ རེ་ འབད་མི་ཚུ་ དངུལ་ཀྲམ་༢༨༦.༧༦ ལུ་ ཡར་སེང་སོང་ཡོདཔ་མ་ཚད་ དབྱེ་ཁག་གཉིས་པའི་ གོང་ཚད་དེ་ དངུལ་ཀྲམ་༢༥༨.༦༦ ལས་༢༧༩ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
ད་རུང་ ཤིང་གི་འདབ་མ་སྦོམ་ཡོད་མི་ ཤིང་རིགས་ཀྱི་ དབྱེ་བ་དང་པའི་ནང་ སི་ཨེཕ་ཊི་རེ་ལུ་ གོང་ཚད་དངུལ་ཀྲམ་༢༦༡.༩༣ འབད་མི་དེ་ ད་ལྟོ་ དངུལ་ཀྲམ་༢༨༡.༤༥ དང་ དབྱེ་བ་གཉིས་པའི་ གོང་ཚད་དངུལ་ཀྲམ་༢༥༢.༤༠ འབད་མི་དེ་ དངུལ་ཀྲམ་༢༧༢.༧༨ ལུ་ ཡར་སེང་སོང་ཡོདཔ་ལས་ དངུལ་ཀྲམ་༢༠.༣༨ རེ་གི་རྩིས་ སྟབས་གཅིག་ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
རྫོང་ཁག་གཞན་ཚུ་ནང་ ཀོང་ཤིང་དབྱེ་བ་དང་པའི་ ཤིང་ཆས་སི་ཨེཕ་ཊི་རེ་ལུ་  དངུལ་ཀྲམ་༢༧༦.༩༦ འབད་མི་དེ་ དངུལ་ཀྲམ་༣༤༣.༧༤ ལུ་ ཡར་སེང་སོང་མི་ལུ་བལྟཝ་ད་ དངུལ་ཀྲམ་༦༦.༧༨ ཡར་སེང་རྐྱབ་ཡོདཔ་བཞིན་དུ་ དབྱེ་ཁག་གཉིས་པ་ལུ་ དངུལ་ཀྲམ་༢༧༥.༨༨ འབད་མི་ལས་ དངུལ་ཀྲམ་༣༣༨.༩༨ ལུ་ ཡར་སེང་རྐྱབ་མི་དང་འཁྲིལ་བ་ཅིན་ དངུལ་ཀྲམ་༦༣.༡ ཡར་སེང་འབད་ནུག་ཟེར་ཨིན་པས།
ཐིམ་ཕུ་རྫོང་ཁག་ནགས་ཚལ་འགོ་དཔོན་ བསོད་ནམས་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ ཤིང་ཆས་ཀྱི་གོང་ཚད་ བསྒྱུར་བཅོས་འབད་དགོ་མི་དེ་ཡང་ རྒྱལ་ཁབ་ནང་ སྐྱ་ནམ་དང་ ས་སྣུམ་ དེ་ལས་ དགོས་མཁོ་ཆེ་བའི་ ཅ་ཆས་ཀྱི་ གོང་ཚད་ཚུ་ བསྒྱུར་བཅོས་སོང་ནི་དེ་གིས་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྫོང་ཁག་ནང་ ཉིནམ་རེ་ལུ་ ཤིང་ཆས་མཁོ་མངགས་འབད་མི་ མི་༢ ལས་ལྷག་སྟེ་འོངམ་མས་ཟེར་ཨིནམ་ད་ ན་ཧིང་ ཤིང་མཁོ་མངགས་འབད་མི་༤༥༩ ག་ར་ལུ་ ཤིང་ཆས་བགོ་བཀྲམ་འབད་བའི་ཁར་ དུས་ཅི་ མི་གྲངས་༡༡༩ གིས་ ཤིང་མཁོ་མངགས་ཀྱི་ ཞུ་ཡིག་ཚུ་ བཙུགས་ཏེ་འདུག་ཟེར་ཨིན་པས།
ཟླཝ་༡ ནང་ ཤིང་ཆས་མཁོ་མངགས་འབད་མི་ ཉུང་ཤོས་མི་གྲངས་༣༠ དེ་རེ་ འོང་དོ་ཡོདཔ་ད་ མཁོ་མངགས་འབད་མི་ཚུ་ཡང་ ཧེ་མར་ ལྷོད་མི་ལུ་ ཤིང་ཆས་སི་ཨེཕ་ཊི་༣༠༠ རེ་ བགོ་བཀྲམ་འབདཝ་ཨིན་པས།
ནགས་ཚལ་འགོ་དཔོན་གྱིས་འབད་བ་ཅིན་ མི་རེ་གིས་ ཤིང་ཆཤ་སི་ཨེཕ་ཊི་༡,༥༠༠ ལས་ལྷག་སྟེ་དགོཔ་འབད་ མཁོ་མངགས་འབད་མི་ཡང་ འོང་དོ་ཡོདཔ་ཨིན་རུང་ མི་རེ་ལུ་ སི་ཨེཕ་ཊི་༣༠༠ ལས་བརྒལ་ བྱིན་ནི་མེད་ཟེར་ཨིན་པས།
སྒེར་ཁྱིམ་བཟོ་སྐྲུན་འབད་མི་ ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་་ ཁྱིམ་བཟོ་སྐྲུན་གྱི་དོན་ལུ་ ཤིང་ཆས་སི་ཨེཕ་ཊི་༡,༠༠༠ ལས་ལྷགཔ་སྦེ་ཡོད་རུང་ ནགས་ཚལ་ཡིག་ཚང་ལས་ ལམ་ལུགས་དང་འཁྲིལ་ ཤིང་ཆས་སི་ཨེཕ་ཊི་༢༠༠ དང་༣༠༠ ལས་བརྒལ་ བྱིན་མེདཔ་ལས་ དེ་གིས་ ལང་མི་ཚུགས་པས་ཟེར་ཨིན་པས།
སྒྲིང་ཁྱིམ་རྐྱབ་མི་ ལ་ལུ་ཅིག་གིས་འབད་བ་ཅིན་ བཟོ་སྐྲུན་དང་འབྲེལ་བའི་ ལཱ་ག་ཅི་ར་འབད་རུང་ ཤིང་ཆས་ཚུ་ ངེས་པར་དུ་ དགོཔ་ཨིན་རུང་ ནགས་ཚལ་ལས་ཁུངས་ཀྱིས་ ཤིང་ཆས་བགོ་བཀྲམ་གྱི་ ཚད་གཞི་བཟོ་མི་གིས་ བཟོ་སྐྲུན་གྱི་ ལཱ་ཚུ་ལུ་ ཐོ་སྦོམ་སྦེ་ར་ ཕོགཔ་མས་ཟེར་ཨིན་པས།
ཐིམ་ཕུ་རྫོང་ཁག་ནང་ ཤིང་ཆས་འཐོན་སའི་ ས་ཁོངས་དེ་ སྒྱིད་དར་གོངམ་དང་ ཕྱག་མེད་ནང་ འཆང་ཀ་ཕུག་ དེ་ལས་ ལྕམ་སྒང་གི་ ནགས་ཚལ་ཚུ་ནང་ལས་ བཏོན་དོ་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༧ པའི་ནང་ ཤིང་ཆས་མཁོ་མངགས་འབད་མི་ མི་གྲངས་༨༤ ཐོན་མི་དེ་ མཐོ་ཤོས་ཅིག་ཨིན་ཟེར་ ནགས་ཚལ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ། 

བཀྲིས་ཕུན་ཚོགས།

No comments:

Post a Comment