གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཉམས་གསོའི་ལཱ་ བརྒྱ་ཆ་༣༠ དེ་ཅིག་ མཇུག་བསྡུ་ཡོདཔ།



ཟླ་༤ པའི་ཚེས་༢༧


ཉམས་གསོ་ཞུ་བའི་བསྒང་ཡོད་མི་ དབང་འདུས་ཕོ་བྲང་རྫོང་།
༉ དབང་འདུས་ཟམ་ལས་ རྩི་རང་ཁ་ཐུག་འགྱོཝ་ད་ སྤུ་ན་གཙང་ཆུའི་ གཡོན་ཁ་ཐུག་ དབང་འདུས་རྫོང་ལུ་ལྟཝ་ད་ སྒོ་སྒྲིག་ཚུ་ ཆ་མཉམ་ར་ གསརཔ་བཙུགས་ཡོདཔ་སྦེ་ མཐོང་གསལ་བྱུང་མི་དེ་ཡང་ ད་རེས་ནངས་པ་ རྫོང་ཉམས་གསོའི་ལཱ་ཚུ་ འབད་བའི་བསྒང་ཡོད་མི་ལུ་བརྟེན་ཏེ་ཨིན་པས།


དབང་འདུས་རྫོང་ ཉམས་གསོའི་ལས་འགུལ་གྱི་ འཛིན་སྐྱོང་འགོ་དཔོན་ ལས་སྐྱིད་དབང་ཕྱུག་གིས་ སླབ་མིའི་ནང་ རྫོང་ཉམས་གསོའི་ལཱ་ངོ་མ་དེ་ དུས་ཅི་ སྤྱི་ཟླ་དང་པའི་ ཚེས་༡ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ ལཱ་བརྒྱ་ཆ་༣༠ དེ་ཅིག་ མཇུག་བསྡུ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཉམས་གསོའི་ལཱ་གི་དོན་ལུ་ རྫོང་གི་བྱང་ཕྱོགས་དང་ ལྷོ་ཕྱོགས་ དེ་ལས་ དབུས་ཕྱོགས་འབདཝ་ད་ ཁག་༣ ལུ་ དབྱེ་སྟེ་ཡོདཔ་ད་ ད་རེས་ཀྱི་གནས་སྟངས་ནང་ གྲྭ་ཚང་གིས་ ལག་ལེན་འཐབ་མི་ ལྷོ་ཕྱོགས་དང་ དབུས་ཕྱོགས་༢ ནང་ ལཱ་ཚུ་འབད་དོ་ཡོད་མི་དེ་ སྤྱི་ཟླ་༩ པའི་ནང་ འགོ་འདྲེན་འཐབ་མི་ དབང་འདུས་ཚེས་བཅུ་ མ་རན་པའི་ཧེ་མར་ མཇུག་བསྡུ་ཚུགསཔ་ འབད་ནི་ཨིན་ཟེར་ཨིན་པས།
དེ་གི་ཤུལ་ལས་ ད་ལྟོ་ རྫོང་ཁག་གི་ ཡིག་ཚང་སྦེ་ ལག་ལེན་འཐབ་པའི་བསྒང་ཡོད་མི་ རྫོང་གི་ བྱང་ཕྱོགས་ཀྱི་ལཱ་ཚུ་ འགོ་བཙུག་ནི་ཨིན་ཟེར་ ལས་སྐྱིད་དབང་ཕྱུག་གིས་སླབ་ཅི།
ཁོ་གིས་འབད་བ་ཅིན་ ཉམས་སྲུང་གི་ལཱ་དེ་ ཧེ་མ་ར་ རྫོང་གི་ལྷོ་ཕྱོགས་དང་ དབུས་ཕྱོགས་ལས་ འགོ་བཙུགས་དགོ་མི་དེ་ཡང་ གཙོ་བོ་ར་ སྤྱི་ལོ་༢༠༠༩ གི་ ཟླཝ་༥ པ་ལས་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༡ གི་ ཟླཝ་༡༢ པའི་ཚེས་༡༠ ལུ་ མཇུག་བསྡུ་མི་ ཉམས་གསོའི་ལཱ་ ཐེངས་དང་པ་དང་༢ པའི་སྐབས་ གྲྭ་ཚང་གི་དོན་ལུ་ སློབ་གྲྭ་དང་ གྲྭ་ཤག་ཚུ་ མཇུག་བསྡུ་ཞིནམ་ལས་ གྲྭ་ཚང་དེ་ རྫོང་གི་ཕྱི་ཁར་ སྤོ་བཤུད་འབད་ཚུགས་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཤུལ་ལས་ རྫོང་གི་ བྱང་ཕྱོགས་ཁ་ཐུག་གི་ ལཱ་འགོ་བཙུག་པའི་སྐབས་ རྫོང་ཁག་གི་ཡིག་ཚང་དེ་ རྫོང་གི་ལྷོ་ཕྱོགས་དང་ དབུས་ཕྱོགས་ལུ་ སྤོ་བཤུད་འབད་བཏུབ་ནི་ཨིན་རུང་ རྫོང་ཁག་གི་ འཆར་གཞི་ཚུ་ ག་དེ་སྦེ་ ཡོདཔ་ཨིན་ནའི་སྐོར་ལས་ མི་ཤེས་པས་ཟེར་ཨིན་པས།
རྫོང་ཉམས་གསོའི་ ལཱ་གི་སྐབས་ལུ་ རྫོང་དེ་ རྙིངམ་ཐལ་མི་ལུ་བརྟེན་ གཙོ་བོ་ར་ གྱང་རྩིག་ཉམས་བཅོས་དང་ ཤིང་ཆས་ཀྱི་རིགས་ཚུ་ གསར་བཙུགས་འབད་དོ་ཟེར་ཨིན་པས།
ལས་འགུལ་འཛིན་སྐྱོང་འགོ་དཔོན་གྱིས་འབད་བ་ཅིན་ ད་ལྟོ་ཚུན་ ལཱ་གི་གྲུབ་འབྲས་ཚུ་ ལེགས་ཤོམ་ཐོན་ཡོདཔ་ཨིན་རུང་ བཟོ་སྐྲུན་གྱི་ ཅ་ཆས་ཚུ་གི་གྲས་ལས་ ཤིང་ཆས་ཚུ་ དུས་ཚོད་ཁར་ ཐོབ་མ་ཚུགས་པའི་ དཀའ་ངལ་བྱུངམ་མས་ཡི་ཟེར་ཨིནམ་ད་ ད་རེས་ནངས་པ་ ཤིང་མང་ཤོས་ར་ ནགས་ཚལ་ནང་ར་ ལུས་ཏེ་ཡོད་ཟེར་ཨིན་པས།
དཔེ་འབད་བ་ཅིན་ འདུ་ཁང་ལྷ་ཁང་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན་མི་ ཀ་ཆེན་གྱི་ཤིང་རྩ་བོ་དེ་ ཕོབ་སྦྱིས་ཁ་ལུ་ ངོས་འཛིན་འབད་ཡོདཔ་ཨིན་རུང་ ད་ལྟོ་ཡང་ བརྡབ་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིནམ་ད་ དེ་བཟུམ་མའི་ དཀའ་ངལ་ཚུ་ བྱུང་དགོ་མི་དེ་ཡང་ ནགས་ཚལ་དང་ གཞན་འབྲེལ་ཡོད་ལས་སྡེ་ཚུ་གིས་ གནང་བ་བྱིན་ནི་ལུ་ དུས་ཚོད་ཕྱིས་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ལས་སྐྱིད་དབང་ཕྱུག་གིས་འབད་བ་ཅིན་ གལ་སྲིད་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ དུས་ཚོད་ཁར་ འཐོབ་ཚུགས་པ་ཅིན་ ཉམས་གསོའི་ལཱ་ཚུ་ཡང་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་ནི་ཨིན་རུང་ ཤུལ་ལས་ དཀའ་ངལ་ཚུ་ སྦོམ་སྦེ་ར་ མི་བྱུང་ག་མནོ་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
དེ་མ་ཚད་ དུས་ཡུན་ཐུང་ཀུ་ཅིག་ནང་ ལཱ་འབད་དགོཔ་ ལེ་ཤ་ཡོད་ནི་དེ་གིས་ ཚ་གྱང་ལངམ་མས་ཟེར་ཨིནམ་ད་ ཨིན་རུང་ ལས་འགུལ་ནང་ལཱ་འབད་མི་ འབྲུག་མིའི་ལས་མི་༣༧༦ དེ་ཅིག་ བཙུགས་ཏེ་ཡོད་ཟེར་ཨིན་པས།
སྤྱི་ལོ་༡༦༣༨ ལུ་ བཞེངས་མི་ དབང་འདུས་རྫོང་དེ་ རྙིངམ་ཐལ་བའི་ཁར་ སྤྱི་ལོ་༢༠༡༡ ལུ་ ས་ཡོམ་རྐྱབ་མི་གིས་ གནོད་སྐྱོན་ དུམ་གྲ་རེ་ རྐྱབ་ཡོདཔ་ཨིན་པས།
ལས་འགུལ་དེ་ སྤྱི་ལོ་༢༠༡༣ གྱི་ ཟླཝ་༦ པའི་ནང་ མཇུག་བསྡུ་དགོཔ་ཨིནམ་ད་ རྫོང་ཉམས་གསོའི་དོན་ལུ་ རྒྱ་གར་གཞུང་གིས་ ཟད་འགྲོ་མ་དངུལ་ དངུལ་ཀྲམ་ས་ཡ་༢༠༠ གྲོགས་རམ་བྱིན་ཡོདཔ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment