གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐལ་བགོ་ལུ་ འོས་འབབ་མེད་པའི་འཁྲུན་ཆོད།

ཟླ་༤ པའི་ཚེས་༢༧

༉ མཐོ་གཏུགས་པ་ཅིག་གིས་ ཁོ་རའི་ ཕ་ཁྱིམ་ནང་ལས་ ཐོན་སོང་སྟེ་ ལོ་ངོ་༣༧ ལངམ་ད་ ཕམ་གྱི་རྒྱུ་ཆས་དང་ ས་ཆ་ཚུ་ སྐལ་བགོ་དགོ་པའི་སྐོར་ལས་ ཐོབ་བརྗོད་བཀོད་མི་དེ་ལུ་ ཁྲིམས་ཀྱིས་ ངོས་ལེན་འབད་རུང་བའི་ སྒྲུབ་བྱེད་ཡང་དག་ཅིག་ མེད་པ་ལུ་བརྟེན་ གྲངས་མང་ཁྲིམས་འདུན་གྱིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་གུ་ བསྒྱུར་བཅོས་མེད་པར་ རང་འཇགས་བཞག་ནུག།


དེ་ཡང་ རྩོད་རྩ་མཐོ་གཏུགས་པ་ རིན་ཆེན་གྱིས་ གྲངས་མང་ཁྲིམས་འདུན་ལུ་ཕུལ་མི་ བཤེར་ཡིག་ནང་ ཁོ་རའི་ཨ་ཞེམོ་ རྣམ་རྒྱལ་སྒྲོལ་མ་དང་ ཚེ་འདས་ཨའི་ གནག་མོའི་མིང་ཐོག་ཁར་ ས་ཆ་དང་ རང་ལུགས་ཀྱི་ཁྱིམ་ ཐོག་ཚད་༣ འབད་མི་ཅིག་ཡོད་མི་དེ་ ཨ་ཞེམོ་གི་ མིང་ཐོག་གུ་ སྤོཝ་རྩམ་ཅིག་མ་གཏོགས་ མོ་ལུ་ རང་དབང་མེདཔ་ལས་ སྐལ་བགོ་འདྲ་མཉམ་དགོ་ཟེར་ཨིན་པས།
ཁོ་ར་ ཁྱིམ་ནང་ལས་ ཐོན་སོང་སྟེ་ ལོ་ངོ་༣༧ ལང་ཡི་ཟེར་མི་དེ་ མི་བདེན་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༧ ཚུན་ ཨ་ཞེམོ་དང་གཅིག་ཁར་ སྡོད་པའི་སྐབས་ ཁོ་ལུ་ ན་ཚ་འཁོརཝ་ལས་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ སྒྱིད་དར་གོངམ་གི་ སྨན་ཁང་ནང་ སྨན་བཅོས་འབད་དེ་ སྡོད་ཅི་ཟེར་ཨིནམ་ད་ ལོ་ཕྱེད་དང་༤ གི་རྒྱབ་ལས་ ཁྱིམ་ནང་འགྱོཝ་ད་ ཨ་ཞེམོ་དང་ རྨགཔ་གིས་ ཁྱིམ་ནང་འོང་མ་བཅུག་པར་ བཏོན་བཏང་ཡི་ཟེར་ཨིན་པས།
རྩོད་ཟླ་ཨ་ཞེམོ་གིས་ ཁྲིམས་འདུན་ལུ་ ཞུ་དོ་བཟུམ་འབད་བ་ཅིན་ རིན་ཆེན་ཁོ་ར་ ཁྱིམ་ནང་ལས་ བཏོན་བཏང་བཏངམ་མེན་པར་ སྤྱི་ལོ་༡༩༧༢ ལུ་ ཁོ་རའི་ བློ་འདོད་དང་བསྟུན་ ཐོན་སོང་སྟེ་ ལོ་ངོ་༣༧ ལང་ཡོདཔ་མ་ཚད་ གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་ལུ་ གཞུང་ལས་ ས་ཆའི་སྐྱིད་སྡུག་ཞུ་སྟེ་ གཞིས་གསར་ནང་ སྡོདཔ་ཨིན་ཟེར་ཨིན་པས།
ལྷག་པར་དུ་ ཁྱིམ་ནང་ལས་ ཐོན་སོང་བའི་ཤུལ་ལུ་ ཁོ་གིས་ ཁྱིམ་ནང་ལུ་ ཕན་པ་སྤུ་རྩམ་མེདཔ་ལས་ སྐལ་བགོ་དེ་ སའི་བཅའ་ཁྲིམས་དང་འཁྲིལ་ ཁྲིམས་འདུན་ལས་ ཞིབ་དཔྱད་མཛད་གནང་ཟེར་ ཞུ་ཡོདཔ་བཞིན་དུ་ གྲངས་མང་ཁྲིམས་འདུན་ལས་ དབྱེ་ཞིབ་མཐིལ་ཕྱིན་མཛདཔ་ད་ རྩོད་རྩ་ལས་ སྒྲུབ་བྱེད་བཏོན་ནི་མེདཔ་ལས་ སྐལ་བགོ་ཐོབ་པའི་ འོས་འབབ་མེདཔ་སྦེ་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།
ཨིན་རུང་ བསམ་པ་མ་རྫོགས་པ་ཅིན་ ཉིན་གྲངས་༡༠ གྱི་ ནང་འཁོད་ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ བཅར་ཆོགཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment