གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ལུའི་གསོ་འཐུས་ བཏབ་མ་བཏུབ་པའི་རྩོད་རྙོགས།

༉ བུམ་ཐང་རྫོང་ཁག་གི་ ས་ཐག་རིང་ཤོས་ཅིག་ཨིན་མི་ སྟང་རྒེད་འོག་གི་ རྟེན་འབྲེལ་སྒང་ལས་ སྐྱེས་ལོ་༣༢ ལང་མི་ སངས་རྒྱས་སྒྲོལ་མ་དེ་ མོ་རའི་ ཁ་བྱལ་འགྱོ་མི་རྨགཔ་གིས་ ཨ་ལུ་༢ ཀྱི་གསོ་འཐུས་ བཏབ་མ་བཏུབ་པར་ ཡ་མེད་བཙོང་སྡོདཔ་ལས་ རྫོང་ཁག་ཁྲིམས་འདུན་ལུ་བཅར་ཏེ་ བདུན་ཕྲག་༢ ལང་ཡོདཔ་ཨིན་པས།
ཨ་ལུ་༢ ཀྱི་ཨའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་ར་ ས་ཐག་རིང་སར་ སྡོད་ནི་དེ་གིས་ ཁྲིམས་འདུན་ལུ་བཅར་ནི་དེ་ ལཱ་ཁག་ཡོདཔ་ལས་ འདས་པའི་བདུན་ཕྲག་༢ དེ་ཅིག་ གཡུས་ཁ་ལས་འོང་སྟེ་ ལྕམ་མཁར་ཁྲོམ་ཁར་ ངོ་ཤེས་མི་ ཨམ་༡ གི་ཁྱིམ་ནང་ གནསཔ་བརྙ་སྟེ་ སྡོད་དོ་ཟེར་ཨིན་པས།



སངས་རྒྱས་སྒྲོལ་མ་གིས་ སླབ་མིའི་ནང་ ཆོས་འཁོར་སྟོད་ལས་ཨིན་མི་ མོ་རའི་རྨགཔ་གིས་ ལོ་༣ གྱི་ཧེ་མར་ ཨ་ལུ་ཆུང་ཤོས་དེ་ སྐྱེས་ཏེ་ ཟླཝ་དག་པ་ཅིག་ལངམ་ད་ གཡུས་ཁར་འགྱོ་ནི་ཟེར་སླབ་སྟེ་ སོང་བའི་ཤུལ་ལུ་ ལོག་འོང་མ་བཏུབ་ལས་ ཁྲིམས་འདུན་ལུ་ ཐུག་པའི་སྐབས་ ཁོ་གིས་ ལོག་འཆམ་སྡོད་ནི་ཟེར་སླབ་སྟེ་ འཆམ་ཡོད་རུང་ ད་རུང་ ལོག་སྟེ་འོང་མ་བཏུབ་ཟེར་ཨིན་པས།
ཁ་བྱལ་བའི་ཤུལ་ལས་ རྫོང་ཁག་ཁྲིམས་འདུན་གྱིས་ རྒྱལ་ཡོངས་ལས་མིའི་ གླ་ཆ་དང་འཁྲིལ་ཏེ་ ཟླཝ་རེ་ལུ་ ཨ་ལུ་རེ་ལུ་ དངུལ་ཀྲམ་༦༠༠ རེ་ སྤྲོད་དགོ་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་རུང་ ཁོ་གིས་ འདས་པའི་ཟླཝ་༡༠ གྱི་ གསོ་འཐུས་བཏབ་མ་བཏུབ་པའི་ཁར་ བརྒྱུད་འཕྲིན་བཏང་རུང་ བདའ་ཟུན་མ་ཚུགསཔ་སྦེ་ བཟོ་བཞག་པའི་ཁར་ མོ་དང་གཅིག་ཁར་ ཕྱད་པའི་སྐབས་ ཁོ་གིས་ ག་ཏེ་བཀལ་རུང་བཀལ་ཟེར་ ཉོགས་བཤད་བཀོདཔ་མས་ཟེར་ཨིན་པས།
སངས་རྒྱས་སྒྲོལ་མ་གིས་ མོ་རའི་ གཡུས་ཁ་ལས་ སྣུམ་འཁོར་ལམ་ཐལ་ས་ སྟང་ལུ་ལྷོདཔ་ད་ དུས་ཡུན་ཆུ་ཚོད་ ལེ་ཤ་འགོར་བའི་ཁར་ སྣུམ་འཁོར་ཐོབ་ཚུགས་པར་ ལཱ་ཁག་ཡོདཔ་ལས་ ལོག་མ་འགྱོ་བར་སྡོད་ཡོད་རུང་ མོ་རའི་ ལོ་ན་རྒས་མི་ ཨའི་གིས་ ཚོགས་བརྡ་བཏངམ་ལས་ གསོ་འཐུས་ཀྱི་ རྩོད་རྙོགས་མཇུག་བསྡུཝ་ད་རྐྱངམ་གཅིག་ གཡུས་ཁར་འགྱོ་ནི་ཟེར་ཨིན་པས།
མོ་གིས་ གསོ་འཐུས་བཏབ་མ་བཏུབ་པའི་སྐོར་ལས་ ཁྲིམས་འདུན་ལུ་ ཞུ་བ་འབད་དེ་ ཁྲིམས་འདུན་གྱིས་ བཀའ་ཤོག་ལན་ཐེངས་༣ དེ་ཅིག་ བཏང་སྟེ་འབད་རུང་ འོང་མ་བཏུབ་ལས་ དུས་ཚོད་འཕྲོ་བརླག་འགྱོ་བའི་ཁར་ ལཱ་ལྟོ་ཆག་སྟེ་ ལོག་གཡུས་ཁར་ འགྱོ་དགོཔ་བྱུང་ཡི་ཟེར་ཨིན་པས།
མོ་གིས་ ཁྲིམས་འདུན་ལུ་ ཐེངས་༡༣ ལྷགཔ་ཅིག་ འོང་ཡོད་རུང་ རྨགཔ་གིས་ ཚར་༡ ཡང་ འོང་མ་བཏུབ་ཨིན་པས།
རྫོང་ཁག་ཁྲིམས་འདུན་ལས་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དེ་གིས་ ཁ་ཉིནམ་ སྤྱི་ཟླ་༤ པའི་ཚེས་༡༨ ལུ་ ཟླཝ་༥ གི་ གསོ་འཐུས་རྐྱངམ་གཅིག་ འབག་འོངམ་ལས་ ལོག་བཏང་ཡི་ཟེར་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment