གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནགས་ཚལ་ཁྱབ་ཚད་ ཡར་སེང་སོང་རུང་ ཁྱེགས་རིའི་ཁྱབ་ཚད་མར་བབས།

ཟླ་༤ པའི་༢༦

༉ འབྲུག་ལུ་ ཇིའོ་ ཨིས་པེ་ཤཱལ་ རང་བཞིན་ཐོན་སྐྱེད་གནས་སྡུད་དང་འཁྲིལཝ་ད་ སྤྱི་ལོ་༡༩༩༠ ལས་༢༠༡༠ ཚུན་ རྒྱལ་ཁབ་ཀྱི་ ནགས་ཚལ་གྱི་ ཁྱབ་ཚད་དེ་ ཀི་ལོ་མི་ཊར་གྲུ་བཞི་༢༥,༥༥༨ ལས་༢༦,༧༣༢ ལུ་ ཡར་སེང་སོང་ཡོདཔ་སྦེ་ བཀོད་ནུག།


དེ་དང་འཁྲིལ་ཏེ་ ལོ་བསྟར་གྱི་ ཡར་སེང་དེ་ཡང་ ས་ཆ་ཧེག་ཊར་༥,༨༧༠ སོང་མི་དེ་ བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༠.༢༢ ཨིནམ་ད་ ཡར་སེང་མཐོ་ཤོས་ར་ སྤྱི་ལོ་༡༩༩༠ ལས་༢༠༠༠ གྱི་བར་ན་ བརྒྱ་ཆ་༧༥ འབད་མི་དེ་ཨིནམ་ད་ དེ་ཡང་ ཧོན་ལྡུམ་ཚུ་ ནགས་ཚལ་ལུ་ གྱུར་མི་ལུ་བརྟེན་ཏེ་ཨིན་པས།
དེ་བཟུམ་སྦེ་ ལོ་ངོ་བཅུ་ཕྲག་༢ ཀྱི་རིང་ རྩྭ་ཐང་དང་ ཧོན་ལྡུམ་ དེ་ལས་ སྟོང་སྦེ་ལུས་མི་ ས་ཆ་བརྒྱ་ཆ་༡༠.༦ ནང་ བསྒྱུར་བཅོས་སོང་ནུག་ཟེར་ སྤྱི་ཟླ་༤ པའི་ཚེས་༢༥ ལུ་ ཐིམ་ཕུ་ལུ་སྦེ་ འགོ་འདྲེན་འཐབ་མི་ འབྲུག་ལུ་ ཡུན་བརྟན་གོང་འཕེལ་གྱི་དོན་ལུ་ ཇིའོ་ ཨིས་པེ་ཤཱལ་ འཕྲུལ་རིག་དང་ འཛམ་གླིང་ལྟ་རྟོག་བརྡ་དོན་གྱི་ སྲིད་བྱུས་རྩ་བརྟན་ཞལ་འཛོམས་ནང་ རྒྱལ་སྤྱི་གངས་རི་སྤྱིར་བསྡོམས་གོང་འཕེལ་ལྟེ་བའི་མཁས་དབང་ ཨེམ་ཨེསི་ཨཱར་ མུལ་ཐི་གིས་ སླབ་ཅི།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༢ ལས་༢༠༡༠ ཚུན་ འབྲུག་གི་ ཁཝ་ཆགས་པའི་ས་ཆ་ མི་ཊར་གྲུ་བཞི་༩,༠༣༠ དང་ རྒྱལ་ཁབ་ཀྱི་ ས་ཆའི་བརྒྱ་ཆ་༢.༥༥ འབད་མི་དེ་ བརྒྱ་ཆ་༣.༢༧ མར་བབས་སོང་ནུག་ཟེར་ཨིན་པས།
དུས་དང་འཁྲིལ་ཏེ་ གནམ་གཤིས་གནས་སྟངས་འགྱུར་བགྲོད་ལུ་ གཞི་བཞག་ཐོག་ལས་ ཞིབ་འཚོལ་འབད་མིའི་ནང་ གནམ་དགུན་གྱི་སྐབས་ལུ་ ཁཝ་གི་ཁྱབ་ཚད་ བརྒྱ་ཆ་༣༧.༧ དང་ གནམ་སེར་ཁའི་དུས་ཚོད་ལུ་ བརྒྱ་ཆ་༡༩.༣ གནམ་བྱཱར་ལུ་ བརྒྱ་ཆ་༡༡.༢ དེ་ལས་ གནམ་སོ་ཁ་ལུ་ བརྒྱ་ཆ་༢༠.༢ སྦེ་མཐོང་ནུག།
མུལ་ཐི་གིས་ གསལ་བཤད་འབད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ ལུང་གཤོང་ཚུ་གི་གྲས་ལས་ ཕོ་ཆུའི་ལུང་གཤོང་ནང་ ཁཝ་གི་ཁྱབ་ཚད་ བརྒྱ་ཆ་༡༩.༥ འབད་མི་དེ་ མཐོ་ཤོས་ཅིག་ཨིན་པས།
ལོ་ངོ་བཅུ་ཕྲག་གི་དོན་ལུ་ ཁྱེགས་རི་ལྟ་རྟོག་ལས་རིམ་ཅིག་ འཕྲུལ་རིག་ སེ་ཊི་ལའིཊ་ལག་ལེན་ཐོག་ལས་ འགོ་འདྲེན་འཐབ་པའི་སྐབས་ སྤྱི་ལོ་༡༩༨༠ ལུ་ ཁྱེགས་རིའི་ཁྱབ་ཚད་ ཀི་ལོ་མི་ཊར་གྲུ་བཞི་༩༣༡ དང་ སྤྱི་ལོ་༡༩༩༠ ལུ་༨༠༡ སྤྱི་ལོ་༢༠༠༠ ལུ་ མི་ཊར་གྲུ་བཞི་༧༤༩ དེ་ལས་ སྤྱི་ལོ་༢༠༡༠ ལུ་ མི་ཊར་༧༢༤ ལུ་ མར་བབས་སོང་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༡༩༨༠ ལས་༢༠༡༠ གྱི་བར་ན་ ཁྱེགས་རིའི་ཁྱབ་ཚད་དེ་ བརྒྱ་ཆ་༢༢ མར་བབས་སོང་ཡོད་མིའི་གྲས་ལས་ སྤྱི་ལོ་༡༩༨༠ ལས་༡༩༩༠ གི་བར་ན་ བརྒྱ་ཆ་༡༤ མར་བབས་སོང་མི་དེ་ མཐོ་ཤོས་ཅིག་ཨིན་མས་ཟེར་ མུར་ཐི་གིས་ སླབ་ཅི།
དེ་བཟུམ་སྦེ་ ཞལ་འཛོམས་ནང་ གཞན་ཡང་ འབྲེལ་ཡོད་གནད་དོན་ ཁག་ལེ་ཤ་ཅིག་གི་ཐོག་ལུ་ གྲོས་བསྡུར་ཚུ་ འབད་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment