གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མར་དང་དར་ཚིལ་ཚུ་བཙོང་སྟེ་ འོང་འབབ་ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ།


ཟླ་༤་པའི་ཚེས་༣༠

 ཚོགས་པ་གིས་ བཙོང་ཁང་སྒོ་ཕྱེ་མི་ལུ་བརྟེན་ གཡུས་སྒོ་ཚུ་ནང་ སྒོ་ནོར་གསོ་སྐྱོང་འབད་མི་ཚུ་ལུ་ ཕན་ཁྱད་བྱུང་དོ་ཡོདཔ་ཨིན་པས།

སྔ་ཚང་སྒོ་ནོར་ཕུན་སུམ་སྤྱི་མཐུན་ཚོགས་པ་གིས་བཙོང་མི་ དར་ཚིལ་གསརཔ་ཚུ།
༉ སྐྱེས་ལོ་༢༣ ལང་མི་ བློ་བཟང་སྒྲོལ་མ་དེ་ སློབ་རིམ་༥ ལས་བརྒལ་ དཔེ་ཆ་མ་ལྷབ་རུང་ ད་རེས་ནངས་པ་ མོ་རའི་ མི་ཚེ་འཚོ་སྐྱོང་འཐབ་ནི་ལུ་ དཀའ་ངལ་ག་ནི་ཡང་མེད་པར་ སྡོད་ཚུགས་མི་ལུ་བརྟེན་ ངལ་རངས་བྱུང་སྟེ་ ཡོདཔ་ཨིན་པས།


དེ་ཡང་ ཨ་ལུ་༡ གི་ཨའི་ཨིན་མི་ བློ་བཟང་སྒྲོལ་མ་གིས་ མོང་སྒར་རྫོང་ཁག་ སྔ་ཚང་རྒེད་འོག་ནང་ སྤྱི་ལོ་༢༠༠༧ ལས་ཚུར་ མི་སེར་སོ་ནམ་པ་ སྡེ་ཚན་ཅིག་གིས་ སྒོ་ནོར་ཕུན་སུམ་སྤྱི་མཐུན་ཚོགས་པ་ བཟོ་ཞིནམ་ལས་ ཐོན་སྐྱེད་འབད་མི་ མར་དང་ དར་ཚིལ་ཚུ་བཙོང་སྟེ་ ཚོགས་པའི་འོང་འབབ་ ལེགས་ཤོམ་སྦེ་ བཟོ་ནི་དེ་གིས་ཨིན་པས།
མོ་གིས་ ཚོགས་པའི་མར་དང་ དར་ཚིལ་གྱི་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་སྟེ་ ལོ་དག་པ་ཅིག་སོང་ཡོདཔ་ད་ མོ་གིས་ ཟླ་རིམ་བཞིན་དུ་ ཚོགས་པའི་མ་དངུལ་ནང་ མར་དང་ དར་ཚིལ་བཙོང་སྟེ་ཐོབ་མི་ འོང་འབབ་མ་དངུལ་ དངུལ་ཀྲམ་༢,༠༠༠ རེ་ ཚོགས་པའི་མིང་ཐོག་ དངུལ་ཁང་ནང་ བཙུགས་དོ་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ གནམ་དགུན་གྱི་ དུས་ཚོད་ལུ་འབད་བ་ཅིན་ ཚོགས་པའི་མར་དང་ དར་ཚིལ་ཚུ་བཙོང་སྟེ་ འོང་འབབ་བཟོ་ནི་ལུ་ དཀའ་ངལ་བྱུང་མི་དེ་ཡང་ ནོར་ཚུ་ལུ་ རྩྭ་ཆུ་དཀོན་ནི་དེ་གིས་ ཨིན་ཟེར་ཨིནམ་ད་ གནམ་བྱཱར་གྱི་དུས་ཚོད་ཁར་འབད་བ་ཅིན་ མར་དང་  དར་ཚིལ་ཚུ་གིས་ འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་པས་ཟེར་ཨིན་པས།
མོ་གི་ ཚོང་མགྲོན་པ་ཚུ་ མང་ཤོས་ར་ མོང་སྒར་དང་ བཀྲིས་སྒང་ དེ་ལས་ ཐིམ་ཕུ་ལུ་འགྱོ་མི་ ལམ་འགྲུལཔ་ཚུ་ཨིནམ་ད གལ་སྲིད་ མར་དང་ དར་ཚིལ་ཚུ་ ས་གནས་དེ་ཁར་ བཙོང་མ་ཚུགས་པ་ཅིན་ རྫོང་ཁག་ལ་ལུ་ཅིག་ནང་ བཙོང་ནིའི་བདེ་སྒྲིག་འབད་ནི་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ ཆུ་ཁ་རྫོང་ཁག་ རྩི་མ་ལ་ཁ་ལས་མར་ འབག་ནི་ཨིན་ཟེར་ཨིན་པས།
ད་རེས་ནངས་པ་ མོ་གིས་ ཉིན་བསྟར་བཞིན་དུ་ དར་ཚིལ་སྒོང་ མཐོ་ཤོས་༡༠༠ དེ་ཅིག་དང་ མར་ཀེ་ཇི་༥ དེ་རེ་ བཙོང་ཚུགས་དོ་ཡོདཔ་ད་ དར་ཚིལ་སྒོང་རེ་ལུ་ གོང་ཚད་དངུལ་ཀྲམ་༣༠ དང་ བ་མར་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༥༠ རེ་སྦེ་ བཙོང་དོ་ཡོདཔ་ལས་ གནམ་བྱཱར་གྱི་ དུས་ཚོད་བཟུམ་ཅིག་ལུ་འབད་བ་ཅིན་ མོ་གིས་ ཉིན་བསྟར་འོང་འབབ་ མཐོ་ཤོས་དངུལ་ཀྲམ་༤,༠༠༠ དེ་ཅིག་ ཐོབ་ཚུགས་པས་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༢༥ ལང་མི་ བསོད་ནམས་ལྷ་མོ་ལུ་ ནོར་༣༠ དེ་ཅིག་ཡོདཔ་ད་ མོ་གིས་ བདུན་ཕྲག་༡ དང་༢ ཀྱི་བར་ན་ མར་དང་ དར་ཚིལ་ཚུ་ ཚོགས་པའི་བཙོང་ཁང་ནང་ བཙོང་པར་འབག་འོང་དོ་ཡོདཔ་ལས་ བདུན་ཕྲག་རེ་ནང་ འོང་འབབ་དངུལ་ཀྲམ་༡,༠༠༠ དེ་ཅིག་ ཐོབ་ཚུགས་དོ་ཡོདཔ་ཨིན་པས།
མོ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཚོགས་པའི་བཙོང་ཁང་མེདཔ་ལས་ མར་དང་ དར་ཚིལ་ཚུ་ བཙོང་ཚུགས་ནི་ལུ་ ལཱ་ཁག་ཡོདཔ་ཨིན་རུང་ ལོ་དག་པ་ཅིག་ལས་ འགོ་བཙུགས་མི་ ཚོགས་པའི་བཙོང་ཁང་དེ་གིས་ མར་དང་ དར་ཚིལ་ཚུ་བཙོང་ནི་ལུ་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིན་པས།
ཨིན་རུང་ མོ་གི་ བསམ་འཆར་ལས་འབད་བ་ཅིན་ ཁྲོམ་ཁར་ ལྷོད་ཚུགས་པ་ཅིན་ དར་ཚིལ་སྒོང་རེ་གིས་ གོང་ཚད་དངུལ་ཀྲམ་༤༠ རེ་ ཐོབ་ཚུགས་དོ་ཡོདཔ་ད་ མར་ཀེ་ཇི་རེ་གིས་ དངུལ་ཀྲམ་༢༥༠ དང་༢༦༠ གི་བར་ན་ ཐོབ་དོ་ཡོདཔ་ཨིན་རུང་ རང་གི་ སྟབས་བདེ་ཧིང་དང་འཁྲིལ་ཏེ་ ཚོགས་པའི་བཙོང་ཁང་ནང་ དར་ཚིལ་སྒོང་རེ་ལུ་ དངུལ་ཀྲམ་༢༥ དང་ མར་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༡༥ རེ་སྦེ་ བཙོང་དོ་ཟེར་ཨིན་པས།
ད་རེས་ནངས་པ་ སྔ་ཚང་སྒོ་ནོར་ཕུན་སུམ་སྤྱི་མཐུན་ཚོགས་པའི་ནང་ འཐུས་མི་༢༥ ཡོདཔ་ད་ ཚོགས་པའི་འཐུས་མིའི་གྲངས་སུ་ འཛུལ་དགོ་པ་ཅིན་ འགོ་ཐོག་གི་འཛུལ་འཐུས་དངུལ་ཀྲམ་༡༠,༠༠༠ སྤྲོད་དགོཔ་ཨིནམ་ད་ ད་ཚུན་གྱི་བར་ན་ སྔ་ཚང་སྒོ་ནོར་ཕུན་སུམ་སྤྱི་མཐུན་ཚོགས་པ་གིས་ དངུལ་ཁང་ནང་ ཚོགས་པའི་མ་དངུལ་༢༠༠,༠༠༠ དེ་ཅིག་ བཟོ་ཡོདཔ་ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment