གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གོང་ཚད་ཡར་སེང་སོང་རུང་ རིན་བསྡུར་ཆིངས་ཡིག་ལུ་ ཐབས་མེད་གནས་དགོཔ་བྱུང་ཡོདཔ།

ཟླ་༤ པའི་ཚེས་༢༦

རོང་ཐུང་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་བུམོ་ཚུ་ ཕྱི་རུའི་ ལྟོ་ཟ་བའི་བསྒང་།
༉ ཤར་ཕྱོགས་ཁ་ཐུག་ལུ་ ནང་སྡོད་ཀྱི་མཐུན་རྐྱེན་ཚུ་ཡོད་མི་ སློབ་གྲྭའི་དབང་འཛིན་པ་ཚུ་དང་ ཁག་འབག་ཐོག་ལས་ བཟའ་ཆས་བཀྲམ་སྤེལ་འབད་མི་ཚུ་གི་བར་ན་ གོང་ཚད་ཀྱི་སྐོར་ལས་ སྟབས་མ་བདེཝ་ཐོན་དོ་ཡོདཔ་ད་ དེ་ཡང་ བཀྲམ་སྤེལ་བ་ཚུ་ལུ་ གོང་ཚད་ཡར་སེང་འབད་མ་བཅུག་ནི་དེ་གིས་ཨིན་པས།


རྒྱལ་ཁབ་ནང་ རུ་པི་གི་ དཀའ་ངལ་ཐོན་པའི་ཤུལ་ལས་ སློབ་གྲྭ་ལུ་ ཉེ་བར་མཁོ་བའི་བཟའ་ཆས་ ཆུམ་དང་ ཚོ་ཏོ་མར་ཁུ་ དེ་ལས་ ཚོད་བསྲེ་བཀྲམ་སྤེལ་འབད་མི་ཚུ་གིས་ སྐྱ་ནམ་གྱི་གོང་ཚད་ ཡར་སེང་འབད་བའི་སྐོར་ལས་ ཉོགས་བཤད་ཚུ་ བཀོད་དོ་ཡོདཔ་ཨིན་པས།
ཨིན་རུང་ བཀྲིས་སྒང་ལུ་ སློབ་གྲྭ་ཚུ་ནང་ བཟའ་ཆས་བཀྲམ་འབད་ནི་ལུ་ བར་ཆད་མ་རྐྱབ་མི་དེ་ཡང་ རུ་པི་གི་ དཀའ་ངལ་མ་བྱུང་པའི་ ཧེ་མ་ལས་ར་ རིན་བསྡུར་འབད་ཚར་ནི་དེ་གིས་ཨིན་པས།
བཀྲིས་སྒང་ལུ་ སློབ་གྲྭ་ཁག་གི་ དབུ་འཛིན་ཚུ་གིས་འབད་བ་ཅིན་ བཟའ་ཆས་བཀྲམ་སྤེལ་གྱི་ ཁག་འབག་དུས་ཡུན་ལུ་བལྟཝ་ད་ དུས་ཅི་ སྤྱི་ལོ་༢༠༡༢ ཀྱི་ སློབ་སྟོན་དུས་ཚོད་ལུ་ ཉེ་བར་མཁོ་བའི་བཟའ་ཆས་ཚུ་ བཀྲམ་སྤེལ་འབད་ནིའི་ཐད་ཁར་ དཀའ་ངལ་མི་ཐོན་ཟེར་ཨིན་པས།
རང་འབྱུང་འབྲིང་རིམ་སློབ་གྲྭ་གོང་མའི་དབུ་འཛིན་ ཚུལ་ཁྲིམས་རྡོ་རྗེ་གིས་ སླབ་མིའི་ནང་ ཁག་འབག་རིན་བསྡུར་གྱི་ ལམ་ལུགས་དང་འཁྲིལཝ་ད་ བཟའ་ཆས་བཀྲམ་སྤེལ་བ་ཚུ་ལུ་ འཁྲི་འགན་ཕོགཔ་ལས་བརྟེན་ དུས་ཅི་ ལོ་མ་རྫོགས་ཚུན་ བཟའ་ཆས་ཚུ་ འཕྲོ་མཐུད་དེ་ར་ བཀྲམ་སྤེལ་འབད་དགོཔ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཟའ་ཆས་ཀྱི་གོང་ཚད་ཚུ་ ཡར་སེང་མར་འབབ་ འགྱོ་རུང་མ་འགྱོ་རུང་ ཁག་འབག་གི་དུས་ཡུན་ ལོ་༡ བཟོ་མི་དེ་ མ་རྫོགས་ཚུན་ འཕྲོ་མཐུད་དེ་ར་ སློབ་གྲྭ་ཚུ་ལུ་ བཀྲམ་སྤེལ་འབད་དགོཔ་ཨིན་ཟེར་ཨིན་པས།
དེ་འབདཝ་ད་ བར་མཚམས་འབྲིང་རིམ་སློབ་གྲྭ་བར་མའི་དབུ་འཛིན་ ཨུ་དའི་ ཨེན་ བ་ཊ་རའི་གིས་འབད་བ་ཅིན་ ཁག་འབགཔ་ཚུ་གིས་ སྤྱི་ལོ་༢༠༡༢ མ་རྫོགས་ཚུན་ བཟའ་ཆས་ཚུ་ བཀྲམ་སྤེལ་འབད་བའི་ཤུལ་ལུ་ ནད་བཀག་ཟས་བཅུད་ཀྱི་ ཚ་གྱང་ལང་དགོཔ་འཐོན་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་བཟུམ་སྦེ་ར་ འཆར་དངུལ་ཅོག་འཐདཔ་སྦེ་ བྱིན་པ་ཅིན་ བཞེས་སྒོའི་སྤུས་ཚད་ལུ་ ཐད་རི་བ་རི་ གནོད་སྐྱོན་འབྱུང་ནི་མས་ཟེར་ སླབ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ དུས་ཅི་ བཟའ་ཆས་བཀྲམ་སྤེལ་ལུ་བརྟེན་ གྱོང་རྒུད་ཕོག་མི་ཚུ་གིས་ སང་ཕོད་ལས་ གོང་ཚད་ཡར་སེང་རྐྱབ་ནི་ལུ་ སྒུག་སྡོད་ནི་དེ་གིས་ཨིན་པས།
གདུང་རྩེ་འབྲིང་རིམ་སློབ་གྲྭ་བར་མའི་དོན་ལུ་ ཆུམ་དང་ ཀེ་བ་བཀྲམ་སྤེལ་འབད་མི་ རྡོ་རྗེ་གིས་ འཕྲལ་ཁམས་ཅིག་ལས་ ཀེ་བའི་གོང་ཚད་ དངུལ་ཀྲམ་༩ ལས་༡༢ ལུ་ ཡར་སེང་འབད་མི་ལུ་བརྟེན་ ཀེ་བ་བཀྲམ་སྤེལ་འབད་ནི་ལས་ བཤོལ་བཞག་ནི་ཨིན་པའི་སྐོར་ལས་ སློབ་གྲྭའི་དབང་འཛིན་པ་ལུ་ ཞུ་ཡིག་ཅིག་ བཙུགས་ཡོདཔ་ཨིན་པས།
ས་མཚམས་ཁའི་ རྒྱ་གར་གྱི་ ཚོང་པ་ཚུ་གིས་ གལ་སྲིད་ རུ་པི་མེད་པ་ཅིན་ ཀེ་བ་ཀེ་ཇི་༡ ལུ་ གོང་ཚད་དངུལ་ཀྲམ་༡༥ གནས་ནི་ཨིན་པའི་སྐོར་ལས་ ང་ལུ་ སླབ་མི་ལུ་བརྟེན་ སློབ་གྲྭའི་དབང་འཛིན་པ་ལུ་ ཞུ་ཡིག་བཙུགས་རུང་ ཁོང་གིས་ གོང་ཚད་ཀྱི་ཁྱད་པར་ལུ་ བལྟ་ནི་མིན་པར་ ཁག་འབག་ཡི་གུ་ནང་བཀོད་མི་ དུས་ཡུན་དང་འཁྲིལ་དགོཔ་ཨིན་ཟེར་ བདེན་ཁུངས་བཀོད་དེ་ ངོས་ལེན་འབད་མ་བཏུབ་ཟེར་ སླབ་ཨིན་པས།
དེ་འབད་བ་ལུ་བརྟེན་ ང་ལུ་ ཟླཝ་རེ་ནང་དངུལ་ཀྲམ་༤༥,༠༠༠ དེ་ཅིག་  གྱོང་རྒུད་ཕོག་སྟེ་འབད་རུང་ འཕྲོ་མཐུད་དེ་ར་ བཀྲམ་སྤེལ་འབད་དགོ་པའི་ འཁྲི་འགན་ཅིག་ཨིན་མས་ཟེར་ ཁོ་གིས་ སླབ་ཨིན་པས།
བཟའ་ཆས་ཚུ་ བཀྲམ་སྤེལ་འབད་མི་ མང་ཤོས་ཅིག་གིས་ར་ ཁག་འབག་གི་ ལམ་ལུགས་ལུ་མ་གནས་པ་ཅིན་ རིན་བསྡུར་ཡི་གུ་ ཁ་ཕྱེ་བའི་སྐབས་ལུ་ ཉེན་སྲུང་མ་དངུལ་ དངུལ་ཀྲམ་༢༠,༠༠༠ བཙུགས་མི་དེ་ ལོག་མི་ཐོབ་ནི་ཨིན་པའི་ ཤེས་གསལ་ཡོདཔ་ཨིན་པས།
སློབ་གྲྭའི་དབང་འཛིན་པ་ཚུ་གིས་འབད་བ་ཅིན་ ད་ལྟོའི་ བཀྲམ་སྤེལ་བ་ཚུ་ལུ་ གྱོང་རྒུད་ཕོག་བཅུག་ནི་མི་འོང་ཟེར་ སླབ་མི་དེ་ཡང་ གལ་སྲིད་ཚབ་བཙུགས་འབད་བ་ཅིན་ ཁོང་རང་གིས་ར་ བཟའ་ཆས་བཀྲམ་སྤེལ་གྱི་གོང་ཚད་ མཐོ་སུ་བཀོད་དོ་བཟུམ་ཅིག་ འགྱོཝ་མས་ཟེར་ཨིན་པས།
གལ་སྲིད་ བྱ་སྟབས་མ་བདེཝ་འཐོན་པ་ཅིན་ སློབ་གྲྭའི་དབང་འཛིན་པ་ཚུ་གིས་ བཟའ་ཆས་བཀྲམ་སྤེལ་གྱི་དོན་ལུ་ འབྲུག་བཟའ་སྤྱོད་ལས་འཛིན་དང་གཅིག་ཁར་ འབྲེལ་འཐབ་འབད་ནི་ཨིན་ཟེར་ཨིན་པས།
གལ་སྲིད་ གོང་ཚད་མཐོ་སུ་སྦེ་ སླབ་པ་ཅིན་ སློབ་གྲྭ་གིས་ སློབ་ཕྲུག་ཚུ་གི་དོན་ལུ་ བཟའ་ཆས་ཚུ་ ཉོ་མི་ཚུགས་ནི་ཨིནམ་ལས་ དེ་གིས་ ལྷག་པར་དུ་ བཞེས་སྒོའི་སྤུས་ཚད་ མར་ཉམས་འགྱོ་འོང་ཟེར་ ཚུལ་ཁྲིམས་རྡོ་རྗེ་གིས་ སླབ་ཨིན་པས།
སློབ་གྲྭའི་དབང་འཛིན་པ་ཚུ་གིས་འབད་བ་ཅིན་ རུ་པི་མ་ལང་པའི་ དཀའ་ངལ་ཅིག་མེནམ་ལས་ གཞུང་གིས་ སློབ་ཕྲུག་ཚུ་ལུ་ ལྟོ་ཕོགས་གནང་མི་དེ་ བསྒྱུར་བཅོས་འབད་དགོ་པའི་ དུས་ཚོད་རན་ནུག་ཟེར་ སླབ་ཨིན་པས།
ཟས་བཅུད་མ་ལང་པའི་ དཀའ་ངལ་ལུ་བརྟེན་ ཨོ་རོང་ལུ་ སློབ་ཕྲུག་༡ ལུ་ ཤི་རྐྱེན་བྱུང་མི་དེ་ཡང་ མནོ་བསམ་གཏང་དགོཔ་འདུག་ཟེར་ ཁོ་གིས་ སླབ་ཡོདཔ་ད་ སློབ་གྲྭ་ཚུ་ནང་ བཞེས་སྒོ་ཚུ་ སྤུས་ཚད་དང་ལྡནམ་སྦེ་ བཞག་ནིའི་དོན་ལུ་ ཤུལ་མའི་རྩིས་ལོ་ནང་ གཞུང་གིས་ སློབ་ཕྲུག་ཚུ་གི་ ལྟོ་ཕོགས་ཡར་སེང་རྐྱབ་དགོཔ་འདུག་ཟེར་ཨིན་པས།
དབུ་འཛིན་གཞན་ཅིག་གིས་ སླབ་མིའི་ནང་ ལོ་བསྟར་གྱི་ གྲོས་འཛོམས་ཚུ་ནང་ ལྟོ་ཕོགས་ཡར་སེང་རྐྱབ་དགོ་པའི་ ཞུ་བ་ཕུལ་རུང་ གཞུང་གིས་ ཚུལ་མཐུན་ངོས་ལེན་ཅིག་ རྩ་ལས་ར་ འབད་མི་བཏུབ་པས་ཟེར་ཨིན་པས།
ད་ལྟོ་ སློབ་རིམ་༧ པ་དང་༨ པའི་ སློབ་ཕྲུག་ཚུ་གི་དོན་ལུ་ ཟླ་རིམ་ལྟོ་ཕོགས་ ཨ་ལུ་རེ་ལུ་ དངུལ་ཀྲམ་༢༤༠ རེ་དང་ སློབ་རིམ་༩ པ་ལས་༡༢ པའི་ སློབ་ཕྲུག་རེ་ལུ་ ཟླ་རིམ་དངུལ་ཀྲམ་༧༠༠ རེ་ གནང་མི་དེ་གིས་ ཟས་བཅུད་དང་ལྡན་པའི་ཐོག་ལུ་ བཞེས་སྒོའི་སྤུས་ཚད་བཏོན་ནི་དེ་ ཐ་ན་ རུ་པི་གི་ དཀའ་ངལ་མ་ཐོན་རུང་ ལཱ་ཁག་རྐྱབ་སྟེ་ཡོད་ཟེར་ཨིན་པས།
འཆར་དངུལ་གནང་མི་དེ་ འཛམ་གླིང་བཟའ་སྤྱོད་ལས་རིམ་ཐོག་ལས་ ཆུམ་དང་ སྲནམ་ཅུམ་དང་ བོད་སྲནམ་ དེ་ལས་ ཚོ་ཏོ་མར་ཁུ་ཚུ་ མ་བརྩིས་བར་ཨིན་པས།
དངུལ་ཀྲམ་༢༤༠ པོ་དེ་ རྒྱགས་སྐལ་ཐེབས་ དཔེ་འབད་བ་ཅིན་ ཆུམ་དང་ ཚོ་ཏོ་མར་ཁུ་ སྒོང་རྡོག་ ཤ་ དེ་ལས་ ཚོད་བསྲེའི་རིགས་ཚུ་ ཉོ་ནིའི་དོན་ལུ་ ལག་ལེན་འཐབ་ཨིན་ཟེར་ དབུ་འཛིན་གྱིས་ སླབ་ཡོདཔ་ད་ ཚོད་དཔག་དང་འཁྲིལཝ་ད་ ཨ་ལུ་རེ་གིས་ ཉིནམ་རེ་ལུ་ དངུལ་ཀྲམ་༨ རེ་ ཐོབ་མི་དེ་ ལོ་ངོ་བཅུ་ཕྲག་༡ གི་ ཧེ་མ་ལས་ ད་ལྟོ་ཚུན་ བསྒྱུར་བཅོས་མ་འབད་བར་ ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment