གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ས་ལུ་ རྩི་ས་ལངམ་སྦེ་ ཐོབ་མ་ཚུགས་པའི་ཚ་གྱང་།

ལྕང་ཟམ་ཏོག་ལུ་ རྩི་ས་ཉོ་མི་ཚུ་གིས་ སྤུངས་འཛོམས་ཐོག་ལས་ ག་ཐོབ་རྐྱབ་པའི་བསྒང་།


ཟླ་༤ པའི་ཚེས་༢༨


༉ ཁ་ཙ་དྲོ་པ་ ཐིམ་ཕུ་ལྕང་ཟམ་ཏོག་ལུ་ སྒང་ཁཔ་རྩི་ས་བཀྲམ་སྤེལ་ཁང་ནང་ རྩི་ས་ཉོ་མི་ཚུ་གིས་ ག་ཐོབ་རྐྱབ་ཡོདཔ་མ་ཚད་ རྩི་ས་ལངམ་སྦེ་ ཐོབ་མ་ཚུགས་མི་ལུ་བརྟེན་ ཁོང་རའི་བར་ན་ ཁ་འཐབ་ཚིག་འཐབ་འབད་བའི་ མཐོང་གསལ་བྱུང་ཡི།


ཨིན་རུང་ ཕུན་ཚོགས་གླིང་ལས་ རྩི་ས་ཊཱག་༣ ལྷོད་མི་ཚུ་ ཚོང་མགྲོན་པ་༩༦ ལུ་ ཕད་ཙེ་༥ རེ་ བགོ་བཤའ་རྐྱབ་སྟེ་ བྱིན་ཡོདཔ་ད་ ཕྱིས་སུ་ལྷོད་མི་ ཚོང་མགྲོན་པ་༡༥ དེ་ཅིག་ རྩི་ས་ཐོབ་མ་ཚུགསཔ་ཨིན་པས།
སྒང་ཁཔ་རྩི་ས་བཀྲམ་སྤེལ་ཁང་གི་ཇོ་བདག་ ཕུརཔ་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ དབང་འདུས་ཕོ་བྲང་རྫོང་ཁག་ནང་ཡང་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་རུང་ རྩི་ས་ལངམ་སྦེ་ མ་ཐོབ་མི་ལུ་བརྟེན་ ན་ཧིང་ སྤྱི་ཟླ་༡༢ པ་ལས་ བཀྲམ་སྤེལ་འབད་མ་ཚུགས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ དབང་འདུས་ཕོ་བྲང་ ཨེལ་ཨེན་ཊི་དང་ ཇཱོ་ཏི་ ཨིས་ཊཱག་ཅཱརསི་ བཟོ་སྐྲུན་ལས་སྡེ་ཚུ་གིས་ ཨ་རྟག་ར་ རྩི་སའི་མཁོ་འདོད་ཚུ་བཀོད་རུང་ ཐིམ་ཕུའི་མཁོ་འདོད་ར་ གྲུབ་མ་ཚུགས་ནི་དེ་གིས་ བཀྲམ་སྤེལ་བཤོལ་བཞག་ཡི་ཟེར་ཨིན་པས།
དེ་བཟུམ་མའི་ དཀའ་ངལ་བྱུང་དགོ་མི་དེ་ཡང་ གཙོ་བོ་ར་ རྩི་ས་བཟོ་གྲྭ་ཁང་ཚུ་ལས་ བཀྲམ་སྤེལ་བ་ཚུ་གིས་ རྩི་ས་ལངམ་སྦེ་ ཐོབ་མ་ཚུགས་པའི་ཁར་ ཐིམ་ཕུ་ལུ་ བཟོ་སྐྲུན་གྱི་གྱངས་ཁ་ མཐོ་དྲགས་སྦེ་ ཡོད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
དཀའ་ངལ་དེ་ལུ་བརྟེན་ བཀྲམ་སྤེལ་ཁང་ནང་ རྩི་ས་ཉོ་བར་འོང་མི་ ཚོང་མགྲོན་པ་ག་ར་ལུ་ འདྲ་མཉམ་བགོ་བཀྲམ་འབད་དགོ་པའི་བསྒང་ལས་ ཚོང་མགྲོན་པ་ཚུ་གི་ མཁོ་འདོད་གྲུབ་མི་ཚུགས་པས་ཟེར་ཨིན་པས།
ཕུརཔ་ཚེ་རིང་གིས་ སླབ་མིའི་ནང་ ཉིནམ་རེ་ལུ་ རྩི་ས་ཊཱག་༡༠ རེ་དགོ་པའི་ མཁོ་འདོད་བཀོད་ཡོདཔ་ཨིན་རུང་ ཊཱག་༣ དང་༤ དེ་ཅིག་མ་གཏོགས་ ཐོབ་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཐིམ་ཕུ་ལུ་ རྩི་ས་བཀྲམ་སྤེལ་ཁང་༢༦ དེ་ཅིག་ཡོདཔ་ཨིན་རུང་ མི་ཚུ་གིས་ ཁོང་ལས་ མ་ལེན་པའི་གནད་དོན་ག་ཅི་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།
ཐིམ་ཕུ་རྐྱངམ་གཅིག་ནང་ར་ ལོ་རེ་ལུ་ རྩི་ས་ཕད་ཙེ་༥,༠༠༠ རེ་དང་ མེ་ཊིག་ཊཱོན་འབད་བ་ཅིན་༢༥༠ རེ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
མི་ཚུ་གིས་འབད་བ་ཅིན་ ད་རེས་ནངས་པ་ བཟོ་སྐྲུན་གྱི་དོན་ལུ་ རྩི་ས་ལངམ་སྦེ་ ཐོབ་མ་ཚུགས་མི་དེ་ དཀའ་ངལ་སྦོམ་ཤོས་ཅིག་ཨིན་པའི་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་པས།

ཀུན་གསལ་གྱིས་ པར་སྐྲུན་འབད་མི་ འདས་པའི་གནས་ཚུལ་ཚུ་དང་འཁྲིལཝ་ད་ དེ་བཟུམ་མའི་ དཀའ་ངལ་བྱུང་དགོ་མི་དེ་ཡང་ བཟོ་གྲྭ་ཁང་ལས་འབག་འོང་མི་ རྩི་ས་ཚུ་ ཕུན་ཚོགས་གླིང་གི་ དོས་ཁང་ནང་ མ་ལྷོད་པའི་ཧེ་མར་ ལམ་བར་ན་ལས་ ས་གནས་གཞན་ཁར་བསྐྱལ་བའི་ དོགས་སྣང་ཡོད་མི་དེ་ཡང་ ད་རེས་ཁམས་ཅིག་ཁར་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ རྩི་ས་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་༧ ཏཱུར་ས་གཙང་ཆུ་ ཁ་ཐུག་ལུ་འགྱོ་སར་ མཐོང་མི་ལུ་བརྟེན་ཏེ་ཨིན་པས།

དེ་བཟུམ་སྦེ་ སྐྱེལ་འདྲེན་པ་ཚུ་གིས་ འཕྲུལ་ཁང་གི་ ས་གོ་ནང་ལས་ རྩི་ས་ཕད་ཙེ་༤༠༠ འབག་འོང་པ་ཅིན་ ལམ་ཁར་ཕད་ཙེ་༥༠ དེ་ཅིག་བཏོན་ཏེ་ རྒྱ་གར་ལུ་ བཙོང་དོ་ཡོད་མི་དེ་ཡང་ གཙོ་བོ་ར་ གོང་ཚད་མཐོ་སུ་སྦེ་ འཐོབ་ནི་དེ་གིས་ཨིན་མས་ཟེར་ རྩི་སའི་ངོ་ཚབ་ཅིག་གིས་ སླབ་ཨིན་པས།
དཔལ་ལྡན་རྩི་ས་དབང་འཛིན་གྱིས་ ཡོངས་འབྲེལ་ཐོག་ལས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ ཉིན་གྲངས་༢༠ ཀྱི་རིང་ལུ་ རྩི་སའི་མཁོ་འདོད་ཚུ་ འགྲུབ་ཐབས་ལུ་ ཐབས་ལམ་ཚུ་ ག་དེ་དྲག་དྲག་ བཏོན་བཞིན་དུ་ཡོད་ཟེར་ཨིན་པས།
ཨིན་རུང་ རྩི་ས་བཀྲམ་སྤེལ་འབད་མི་ ཚོང་འབྲེལ་ངོ་ཚབ་གཞན་གྱིས་ རྩི་ས་མ་ལང་པའི་དུས་ཚོད་ལུ་ གནད་དོན་ག་ཅི་ལུ་བརྟེན་ རྩི་ས་བཀྲམ་སྤེལ་མ་འབདཝ་ཨིན་ནའི་སྐོར་ལས་ དྲི་ཞིབ་འབདཝ་ད་ སླབ་མ་བཏུབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment