གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒེར་གྱི་འགྲུལ་སྐྱེལ་བཱསི་༧ ཐེབས་བཙུག་ནི།

༉ ད་རིས་ལས་ འགོ་བཙུགས་ཏེ་ ཐིམ་ཕུ་ཁྲོམ་གྱི་ ས་གནས་ཚུ་ནང་ འབྲུག་འགྲེམ་གྱིས་ ཁྲོམ་སྡེའི་འགྲུལ་སྐྱེལ་བཱསི་ཚུ་དང་གཅིག་ཁར་ མོ་བཏབ་ཀྱི་དོན་ལུ་ སྒེར་གྱི་འགྲུལ་སྐྱེལ་བཱསི་༧ ཐེབས་བཙུགས་མི་དེ་གིས་ མི་མང་ལུ་ འགྲུལ་སྐྱེལ་ཞབས་ཏོག་ འབྱིན་ནི་ཨིན་པས།

ཞབས་ཏོག་དེ་གིས་ ཁྲོམ་སྡེའི་ས་ཁོངས་ནང་ སྡོད་མི་ཚུ་ལུ་ གནས་ཚུལ་བཟང་པོ་ཅིག་ཨིན་རུང་ ཁྲོམ་གྱི་ཕྱི་ཁར་སྡོད་མི་ དཔེར་ན་ བོད་སྒར་ནང་དང་ ཧོང་ཚོ་ དེ་ལས་ ལྕམ་སྒང་གི་ མི་སེར་ཚུ་གིས་ ཞབས་ཏོག་དེ་ ཐོབ་མི་ཚུགས་ནི་ཨིན་པས།
མོ་བཏབ་ཀྱི་དོན་ལུ་ གསརཔ་བཙུགས་མི་ སྒེར་གྱི་བཱསི་ཚུ་གིས་ཡང་ འབྲུག་འགྲེམ་གྱི་ འགྲུལ་སྐྱེལ་བཱསི་ཚུ་འགྱོ་སའི་ ས་ཁོངས་ཚུ་ནང་རྐྱངམ་གཅིག་ འགྲུལ་བསྐྱོད་འབད་ནི་ཨིན་པས།
སྒེར་སྡེ་གིས་ ཞབས་ཏོག་སྐྱེལ་འདྲེན་གྱི་དོན་ལུ་ འགྲུལ་འཁོར་བཱསི་ གསརཔ་བཙུགས་མི་ལུ་བརྟེན་ ཁྲོམ་སྡེ་ནང་ ཧེ་མ་དང་ཕྱདཔ་ད་ འགྲུལ་སྐྱེལ་ཞབས་ཏོག་གི་མཐུན་རྐྱེན་ ཐེབས་འཐོབ་ཚུགས་ནི་ ཨིན་མི་དེ་ཡང་ དཔེ་འབད་བ་ཅིན་ ད་ལྟོ་ དུས་ཡུན་སྐར་མ་༡༥ རེ་ནང་ འགྲུལ་འཁོར་བཱསི་ཚར་རེ་ལས་ མེད་མི་དེ་ ད་ལས་ཕར་ སྐར་མ་༥ དང་༡༠ གྱི་བར་ན་ ཚར་རེ་ བྱིན་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
སྒེར་གྱི་ འགྲུལ་སྐྱེལ་ལས་སྡེ་༢ ཀྱིས་ མོ་བཏབ་ཀྱི་དོན་ལུ་ ཞབས་ཏོག་ཚུ་བྱིན་ནིའི་ དང་འདོད་བསྐྱེད་པའི་ཁར་ མེ་ཏོག་སྐྱེལ་འདྲེན་ལས་སྡེ་གིས་ བཱསི་༨ དང་ གསེར་ཉ་སྐྱེལ་འདྲེན་གྱིས་ བཱསི་༢ བསྡོམས་ ཁྲོམ་སྡེའི་འགྲུལ་འཁོར་ བཱསི་༡༠ ཐེབས་བཙུག་ནི་ཨིན་རུང་ ད་ལྟོ་ བཱསི་༣ ཉམས་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།
མེ་ཏོག་སྐྱེལ་འདྲེན་གྱི་ ཡོངས་ཁྱབ་འཛིན་སྐྱོང་འགོ་དཔོན་ ཀརྨ་དངོས་གྲུབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོ་ འགྲུལ་འཁོར་བཱསི་རྙིངམ་ཚུ་ མོ་བཏབ་ཀྱི་དོན་ལུ་ ལག་ལེན་འཐབ་ནི་ཨིན་རུང་ ཤུལ་ལས་ ལེགས་ཤོམ་འགྱོ་བཏུབ་པ་ཅིན་ འགྲུལ་འཁོར་གསརཔ་ཉོ་སྒྲུབ་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
གསེར་ཉ་སྐྱེལ་འདྲེན་གྱི་ འཛིན་སྐྱོང་མདོ་ཆེན་ དབང་འདུས་རྡོ་རྗེ་གིས་ འབད་བ་ཅིན་ ལས་རིམ་འདི་ནང་ དང་འདོད་དང་ སྤྲོ་བ་བསྐྱེད་དགོ་མི་དེ་ ད་རེས་འཕྲལ་ཁམས་ལུ་ བརྒྱུད་འབྲེལ་ལྷན་ཁག་གིས་ སྒེར་གྱི་ སྐྱེལ་འདྲེན་ལས་སྡེ་ཚུ་གིས་ ཐག་རིང་འགྲུལ་བསྐྱོད་རྐྱངམ་གཅིག་ལུ་ གཙོ་བོར་བཏོན་སྡོད་ནི་མེན་པར་ ཁྲོམ་ནང་འཁོད་ལུ་ཡང་ ཞབས་ཏོག་ཚུ་ བྱིན་དགོཔ་སྦེ་ སླབ་མི་དང་བསྟུན་ཏེ་ཨིན་ཟེར་ཨིནམ་མ་ཚད་ ལྷག་པར་དུ་ ད་ལྟོ་ཡོད་པའི་ འབྲུག་འགྲེམ་གྱི་ འགྲུལ་སྐྱེལ་བཱསི་ཚུ་གིས་ མི་མང་ལུ་ ཞབས་ཏོག་ཚུ་ ལངམ་སྦེ་ བྱིན་མ་ཚུགས་པའི་ དཀའ་ངལ་སེལ་ཐབས་ལུ་ ཨིན་ཟེར་ཨིན་པས།
མོ་བཏབ་ཀྱི་སྐབས་ལུ་ ལས་སྡེ་༢ ཀྱིས་ འགྲུལ་བསྐྱོད་འབད་མིའི་ གྱངས་ཁ་དང་ འོས་འབབ་ཚུ་ ག་དེ་སྦེ་ར་ཡོདཔ་ཨིན་ན་གི་སྐོར་ལས་ ལྟ་རྟོག་འབད་ནི་ཨིན་རུང་ མི་སེར་ལུ་ དེ་བཟུམ་གྱི་ ཞབས་ཏོག་ཞུ་ནིའི་ གོ་སྐབས་ཐོབ་མི་དེ་ ལེགས་ཤོམ་ཅིག་ ཨིན་མས་ཟེར་ བཤདཔ་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་མདོ་ཆེན་ བཀྲིས་ནོར་བུ་གིས་འབད་བ་ཅིན་ དེ་བཟུམ་གྱི་ ཞབས་ཏོག་འགོ་བཙུགས་དགོ་པའི་ དམིགས་ཡུལ་གཙོ་བོ་དེ་ རྒྱལ་ས་ལྟེ་བ་ལུ་ རང་རྐྱང་གི་ སྒེར་འཁོར་ལག་ལེན་འཐབ་མིའི་ གྱངས་ཁ་དང་ སྣུམ་འཁོར་གྱི་ གྱངས་ཁ་མར་ཕབ་འབད་ཐབས་ལུ་ གཞུང་གིས་ མི་མང་སྐྱེལ་འདྲེན་གྱི་ ཞབས་ཏོག་ག་དེ་དྲག་དྲག་ ལེགས་ཤོམ་བྱིན་དགོཔ་ཁག་ཆེ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོའི་གནས་རིམ་ནང་བཟུམ་ཅིག་འབད་བ་ཅིན་ ལོ་བསྟར་བཞིན་དུ་ སྣུམ་འཁོར་༨,༠༠༠ དེ་རེ་ ནང་འདྲེན་འབད་མི་ལུ་བརྟེན་ ཁྲོམ་ལྟེ་བའི་ འགྲུལ་འཁོར་ལམ་དང་ སྣུམ་འཁོར་བཞག་སའི་ ས་གནས་ཚུ་ནང་ སྣུམ་འཁོར་ མ་ཤོང་པའི་ འུར་ཟིང་དང་ ཐུག་རྐྱེན་ལེ་ཤ་བྱུང་མིའི་ དཀའ་ངལ་ སེལ་མ་ཚུགས་པར་ ལུས་མི་དེ་ གཙོ་བོ་ར་ མི་མང་སྐྱེལ་འདྲེན་ཞབས་ཏོག་ཚུ་ ཚུལ་དང་མཐུནམ་སྦེ་ ལག་ལེན་འཐབ་མ་ཚུགས་ནི་དེ་གིས་ ཨིན་ཟེར་ཨིན་པས།
འབྲུག་འགྲེམ་གྱི་ འཛིན་སྐྱོང་མདོ་ཆེན་ ཚེ་བརྟན་རྒྱལ་མཚན་གྱིས་འབད་བ་ཅིན་ ད་ལྟོ་ འབྲུག་འགྲེམ་ནང་ འགྲུལ་འཁོར་བཱསི་༡༤ ཡོད་མི་གིས་ མི་མང་གི་ མཁོ་འདོད་གྲུབ་མ་ཚུགསཔ་ལས་ ད་རུང་ མི་གྲངས་༦༠ འི་ ཤོང་ཚད་ཡོད་པའི་ འགྲུལ་འཁོར་བཱསི་གསརཔ་༥ མཁོ་མངགས་འབད་མི་དེ་ ད་རེས་ཀྱི་ ཟླཝ་ནང་ར་ ལྷོད་ནིའི་རེ་བ་ཡོདཔ་ལས་ དེ་གིས་ དཀའ་ངལ་ཚུ་ མར་ཕབ་འབད་ཚུགས་ཟེར་ཨིན་པས།
ཁྲོམ་སྡེ་ནང་ འགྲུལ་འཁོར་བཱསི་ཚུ་ ལངམ་སྦེ་ བགོ་བཀྲམ་དང་ གཞི་བཙུགས་འབད་ཚར་བའི་ཤུལ་ལུ་ ཁྲོམ་གྱི་ ཕྱི་ཁའི་ས་གནས་མཁོ་གལ་ཅན་ཚུ་ནང་ཡང་ སྐྱེལ་འདྲེན་ཞབས་ཏོག་ཚུ་ འབྱིན་ནི་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment