གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཞེས་སྒོའི་གོང་ཚད་ཚུ་ ཡང་སེང་རྐྱབ་ནི་ཨིན་ན་མེན་ནའི་ ཐག་བཅད་མ་ཚུགས་པར་ཡོདཔ།

བཀྲིས་སྒང་ལུ་ སུ་རེཤ་ཟ་ཁང་ནང་ གཡུས་མི་ཚུ་ ཉིན་མའི་བཞེས་སྒོ་ ཟ་བའི་བསྒང་།
ཟླ་༤ པའི་ཚེས་༢༤། ༉ བཀྲིས་སྒང་ལུ་ སྐྱ་ནམ་གྱི་གོང་ཚད་ཚུ་ ཡར་སེང་སོང་མི་ལུ་བརྟེན་ ཟ་ཁང་ལག་ལེན་འཐབ་མི་ཚུ་ བཟའ་འཐུང་གི་གོང་ཚད་ཚུ་ ཡར་སེང་རྐྱབ་ནི་ཨིན་ན་ ཡང་ཅིན་ ཁོང་རའི་ ཚོང་མགྲོན་པ་ཚུ་ དགའ་ཏོག་ཏོ་སྦེ་ར་ བཞག་ནི་ཨིན་ནའི་སྐོར་ལས་ ཐག་བཅད་མ་ཚུགས་པར་ མགུ་འཐོམ་དོ་ཡོདཔ་ཨིན་པས།


མི་ཐི་གྲང་ལུ་ ཟ་ཁང་ལག་ལེན་འཐབ་མི་ བསྟན་འཛིན་དགོན་པོ་གིས་འབད་བ་ཅིན་ གལ་སྲིད་ སྐྱ་ནམ་གྱི་གོང་ཚད་ཚུ་ འཕྲོ་མཐུད་དེ་ར་ ཡར་སེང་འགྱོ་བ་ཅིན་ བཟའ་འཐུང་གི་ གོང་ཚད་ཚུ་ཡང་ ཐབས་རང་མེད་པར་ ཡར་སེང་རྐྱབ་དགོ་ནི་མས་ཟེར་ སླབ་ཨིན་པས།
ཟ་ཁང་བཙུགས་མི་ཚུ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་བྱུང་བའི་ཤུལ་ལས་ དམིགས་བསལ་དུ་ ཚོད་བསྲེ་དང་ ཚོ་ཏོ་མར་ཁུ་ ཆང་རིགས་ དེ་ལས་ བསིལ་འཐུང་གི་ གོང་ཚད་ཚུ་ ཡར་སེང་སོང་ཡི་ཟེར་ཨིན་པས།
མཁའ་གླིང་ལུ་ ཟ་ཁང་ལག་ལེན་འཐབ་མི་ དཱན་མ་ཡ་ ར་སའི་ལི་གིས་ སླབ་མིའི་ནང་ རུ་པི་གི་དཀའ་ངལ་བྱུངམ་དང་གཅིག་ཁར་ ཅ་ཆས་ཚུ་ ག་ཅི་རང་འབད་རུང་ གོང་ཚད་ཡར་སེང་སོང་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ མོ་གིས་ བཞེས་སྒོའི་གོང་ཚད་ཚུ་ ཧེ་མའི་ གོང་ཚད་ཐོག་ལུ་ར་ བཙོང་སྟེ་ཡོད་ཟེར་ཨིན་པས།
གལ་སྲིད་ བཞེས་སྒོའི་གོང་ཚད་ཚུ་ ཡར་སེང་རྐྱབ་སྟེ་འབད་རུང་ ཚོང་མགྲོན་པ་ཚུ་ རྣམ་རྟོག་ལང་མི་བཅུག་ནིའི་དོན་ལུ་ ན་འཐན་འབད་ར་ བལྟ་དགོཔ་འདུག་ཟེར་ མོ་གིས་ སླབ་ཨིན་པས།
ཟ་ཁང་བཙུགས་མི་གཞན་ སུ་རེཤ་ ར་སའི་ལི་གིས་ སླབ་མིའི་ནང་ ཟ་ཁང་ནང་ ལྟོ་བཟའ་བར་འོང་མི་ཚུ་ མང་ཤོས་ར་ གཞུང་འབྲེལ་གྱི་ལཱ་དང་ ཡང་ཅིན་ ཉོ་ཚོང་རྐྱབ་པར་འོང་མི་ མི་གནགཔ་ཚུ་ཨིནམ་ལས་ ཁོང་དང་གཅིག་ཁར་ མཐུན་ལམ་བཞག་ནིའི་དོན་ལུ་ གོང་ཚད་ཡར་སེང་རྐྱབ་ནི་དེ་ཡང་ མནོ་བསམ་ལེགས་ཤོམ་སྦེ་ར་ གཏང་དགོཔ་ཡོད་ཟེར་ཨིནམ་ད་ གལ་སྲིད་ བཞེས་སྒོ་བཟའ་བར་འོང་མི་ཚུ་ ཡིག་ཚང་ནང་ ལཱ་འབད་མི་ཚུ་ཨིན་པ་ཅིན་ གོང་ཚད་སེང་རུང་ སྟབས་མ་བདེཝ་མི་ཐོན་ཟེར་ཨིན་པས།
སུ་རེཤ་ ར་སའི་ལི་གིས་ སླབ་མིའི་ནང་ གལ་སྲིད་ ཟ་ཁང་ཚུ་གིས་ བཞེས་སྒོའི་གོང་ཚད་ ལྟོ་ཐ་ལི་གང་ལུ་ རྒྱལ་ཡོངས་ལས་མིའི་གླ་ཆ་ དངུལ་ཀྲམ་༡༥༠ ལུ་ ཡར་སེང་རྐྱབ་པ་ཅིན་ ལས་མི་ཚུ་གིས་ ཉིནམ་རེ་ལུ་ ལྟོ་དུས་ཕོགས་༢ ཉོ་བཟའ་མི་ཚུགས་ནི་ཨིནམ་ལས་ ད་ལྟོ་ཚུན་ ཟ་ཁང་ཕུད་རྡོག་༡ གིས་ཡང་ ལྟོ་གི་གོང་ཚད་ཚུ་ ཡར་སེང་མ་རྐྱབ་ཟེར་ཨིན་པས།
ད་ལྟོ་བཟུམ་འབད་བ་ཅིན་ བཀྲིས་སྒང་ལུ་ ལྟོ་དང་གཅིག་ཁར་ ཚོད་བསྲེ་དང་ ཡང་ཅིན་ ཤའི་ཚོདམ་གང་རུང་གི་དོན་ལུ་ གོང་ཚད་དངུལ་ཀྲམ་༩༠ ལས་༡༢༠ གི་བར་ན་ཨིནམ་ད་ ལྟོ་དང་གཅིག་ཁར་ ཚོདམ་བྱ་ཤ་བཟའ་བ་ཅིན་ དངུལ་ཀྲམ་༡༢༠ དང་ ནོར་ཤ་དང་ ཕག་ཤ་གང་རུང་བཟའ་བ་ཅིན་ དངུལ་ཀྲམ་༡༠༠ རེ་ཨིན་པས།
ལྟོ་དང་གཅིག་ཁར་ ཚོདམ་ཨེ་མ་དར་ཚིལ་ བཟའ་བ་ཅིན་ གོང་ཚད་དངུལ་ཀྲམ་༩༠ ཨིནམ་བཞིན་དུ་ མོ་མོ་དང་ སྦ་ཐུག་བཟུམ་མའི་ མགྱོགས་ཟས་ཚུ་ལུ་ དངུལ་ཀྲམ་༣༠ དང་༦༠ གི་བར་ན་ སླབ་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཇ་ཀཔ་གང་ལུ་ དངུལ་ཀྲམ་༡༠ དང་ ཀོ་ཕི་ཀཔ་གང་ལུ་ དངུལ་ཀྲམ་༡༥ རེ་ ཨིན་པའི་གནས་ཚུལ།

No comments:

Post a Comment