གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་སའི་དོས་ཚུ་ ཕུན་ཚོགས་གླིང་དོས་ཁང་ནང་ ལྷོད་ནི་མེད་པའི་ཁ་ཉེས།

ཟླ་༤ པའི་ཚེས་༢༧

ཚོང་འབྲེལ་ངོ་ཚབ་ལ་ལུ་ཅིག་གིས་ ཁ་ཉེས་བཀལ་བའི་ཤུལ་ལས་ 
རྩི་ས་དང་སྦྲགས་ ཏཱུར་ས་གཙང་ཆུའི་ སྦོ་ལོགས་ཁར་བཞག་མི་ སྣུམ་འཁོར་ཊཱག་ཚུ།
༉ ད་རེས་ནངས་པ་ བཟོ་སྐྲུན་གྱི་ ལས་མི་ཚུ་ལུ་ ཧེ་མ་བཟུམ་སྦེ་ རྒྱ་གར་གྱི་ཏི་རུ་ རུ་པིའི་ནང་ གླ་ཆ་སྤྲོད་མ་ཚུགས་པའི་ དཀའ་ངལ་བྱུང་ཡོད་མི་གིས་མ་དོ་བར་ ཕུན་ཚོགས་གླིང་ལུ་ཡོད་མི་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ རྩི་སའི་དོས་ཁང་ནང་ལས་ རྩི་ས་ལངམ་སྦེ་ ཐོབ་མ་ཚུགས་ནི་དེ་གིས་ བཟོ་སྐྲུན་གྱི་ ལཱ་ཚུ་ལུ་ ཐོ་ཕོགཔ་མས་ཟེར་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་པས།


དེ་ཡང་ རྩི་སའི་ཚོང་འབྲེལ་ངོ་ཚབ་ དག་པ་ཅིག་གིས་ སླབ་མིའི་ནང་ ཕུན་ཚོགས་གླིང་གི་ དོས་ཁང་ནང་ རྩི་ས་ལངམ་མེད་མི་དེ་ སྒོམ་ཀྲུ་རྩི་ས་འཕྲུལ་ཁང་ལས་ བཀྲམ་སྤེལ་འབད་མི་ རྩི་ས་འབོར་ཆེ་ཏོག་ཏོ་སྦེ་ མ་ལྷོད་ནི་དེ་གིས་ཨིན་མས་ཟེར་ཨིན་པས།
མིང་སླབ་མ་བཏུབ་མི་ རྩི་སའི་ཚོང་འབྲེལ་ངོ་ཚབ་དག་པ་ཅིག་གིས་ སླབ་མིའི་ནང་ དོས་ཁང་ནང་ རྩི་ས་ལངམ་སྦེ་ མ་ལྷོད་མི་དེ་ཡང་ སྒོམ་ཀྲུ་རྩི་ས་འཕྲུལ་ཁང་ལས་ རྩི་ས་འབག་འོང་མི་ སྐྱེལ་འདྲེན་པ་ཚུ་ ཕུན་ཚོགས་གླིང་དོས་ཁང་ནང་ ལྷོད་པའི་བསྒང་ལས་ བྱང་སྟོར་ཤོར་མི་དེ་ནང་ དོས་ཁང་གི་ ལས་བྱེདཔ་ཚུ་ཡང་ འབྲེལ་གཏོགས་འདུག་ཟེར་ ཁ་ཉེས་བཀལ་དོ་ཡོདཔ་ད་ ལམ་བར་ན་ལས་ བྱང་སྟོར་ཞུགས་མི་ རྩི་ས་བེག་ཚུ་ ཤུལ་ལས་ རྒྱ་གར་ལུ་ གོང་ཚད་མཐོ་སུ་སྦེ་ བཙོངམ་མས་ཟེར་ཨིན་པས།
ད་རིས་འབད་བའི་བསྒང་ལས་ ང་བཅས་ཀྱིས་ རྩི་ས་ག་ཅི་སྦེ་ མ་ཐོབ་ཨིན་ན་ ཧ་གོ་མི་དེ་ཡང་ སྐྱེལ་འདྲེན་འབད་མི་ཚུ་གིས་ དོས་ཁང་ནང་ མ་ལྷོད་པའི་ཧེ་མ་ལས་ར་ ཕྱོགས་བསྒྱུར་ཏེ་ འབག་ནི་དེ་གིས་ཨིན་མས་ཟེར་ ངོ་ཚབ་ཅིག་གིས་ སླབ་ཨིན་པས།
རྩི་ས་ཚུ་ ཕུན་ཚོགས་གླིང་གི་ དོས་ཁང་ནང་ མ་ལྷོད་པའི་ཧེ་མར་ ལམ་བར་ན་ལས་ ཁ་སྒྱུར་ཏེ་ ས་གནས་ཁག་སོ་སོའི་ནང་ སྐྱེལ་འདྲེན་འབད་བའི་ མངོན་གསལ་ཅིག་ བྱུང་ཡོད་མི་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༥ ལུ་ རྩི་ས་ཚོང་འབྲེལ་ངོ་ཚབ་ཚུ་གིས་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ རྩི་ས་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་༧ ཨ་མོ་ཆུ་གི་ལྟག་ལུ་ཡོད་མི་ རྩི་སའི་དོས་ཁང་ནང་མིན་པར་ ཨ་མོ་ཆུ་ཟེར་ཡང་སླབ་མི་ ཏུར་ས་གཙང་ཆུ་ཁ་ཐུག་ལུ་འགྱོ་སར་ མཐོང་གསལ་བྱུང་ཡོདཔ་ཨིན་པས།
ཚོང་འབྲེལ་ངོ་ཚབ་ཅིག་གིས་ སླབ་མིའི་ནང་ ཁོང་གིས་ དོས་འབག་མི་ ཊཱག་ཚུ་གི་ རྟིང་ཤུལ་བདའ་སོང་སྟེ་ དེད་གཡོགཔ་ཚུ་ལུ་ ཏཱུར་སའི་སྦོ་ལོགས་ཁར་ སྣུམ་འཁོར་བཀག་བཞག་དགོ་པའི་ གནད་དོན་ག་ཅི་ཨིན་ན་ཟེར་དྲིཝ་ད་ ལན་ག་ནི་ཡང་ སླབ་མ་བཏུབ་པར་ ཁོང་ལས་ བྱོག་ཡར་སོ་ཡི་ཟེར་ཨིན་པས།
དེད་གཡོགཔ་ཚུ་གིས་ རྩི་ས་འབག་འོངམ་ད་ ང་བཅས་ཀྱིས་ མིག་མཐོང་ལག་བཟུང་འབད་ཡི་ཟེར་ གཅིག་གིས་ བཤད་པའི་ཁར་ ང་བཅས་ཀྱིས་ དོས་ཁང་གི་ འགོ་དཔོན་ཚུ་ལུ་ རྩི་ས་ཚུ་ འདྲན་འདྲ་སྦེ་ བགོ་བཀྲམ་འབད་དགོ་པའི་ ཞུ་བ་འབད་བཞིན་དུ་ཡོད་ཟེར་ སླབ་ཨིན་པས།
ཚོང་འབྲེལ་ངོ་ཚབ་ཅིག་གིས་ སླབ་མིའི་ནང་ ཁོང་གི་ མིག་ཏོའི་གདོང་ཁ་ར་ སྣུམ་འཁོར་ཊཱག་༡ སྟོངམ་ཐོན་སོཔ་ལས་ ཊཱག་དེ་ནང་ཡོད་པའི་ རྩི་ས་ཚུ་ ག་དེ་སྦེ་ བྱང་སྟོར་ཞུགས་སོཔ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིནམ་ད་ ང་བཅས་ཀྱིས་ དོས་འབག་མི་ ཊཱག་གཞན་ཅིག་གི་ པར་བཏབ་མི་ལུ་བརྟེན་ རྩི་ས་གཞན་ནང་ སྐྱེལ་འདྲེན་འབད་མ་ཚུགས་པའི་ཁར་ དེད་གཡོགཔ་དེ་ འདྲོག་བྱེལ་འཐབ་སྟེ་ ས་གནས་དེ་ཁ་ལས་ བྱོག་ཡར་སོ་ཡི་ཟེར་ ངོ་ཚབ་དེ་གིས་ བཤདཔ་ཨིན་པས།
ངོ་ཚབ་གཞན་ཅིག་གིས་འབད་བ་ཅིན་ སྐྱེལ་འདྲེན་པ་ཚུ་གིས་ གཞུང་གི་ཡིག་ཚང་ཚུ་ ཕྱི་རུའི་ཆུ་ཚོད་༥ ལུ་ སྒོ་སྡམ་མི་ལུ་ གོ་སྐབས་ལེན་ཏེ་ ཡིག་ཚང་གི་ དུས་ཚོད་འབྱིད་ཞིནམ་ལས་ འབག་འོང་དོ་ཡོདཔ་ལས་ དོས་ཁང་ལུ་ མ་ལྷོད་པའི་ཧེ་མར་ རྩི་ས་ཕད་ཙེ་དག་པ་ཅིག་ ལམ་བར་ན་ལས་ བཏོན་བཞག་མི་ལུ་བརྟེན་ རྩི་ས་ལངམ་སྦེ་ མ་ཐོབ་པར་ ཉིན་གྲངས་ལེ་ཤ་ སྒུག་སྡོད་དགོ་པས་ཟེར་ཨིན་པས།
སྐྱེལ་འདྲེན་པ་ཚུ་གིས་ འཕྲུལ་ཁང་གི་ ས་གོ་ནང་ལས་ རྩི་ས་བེག་༤༠༠ འབག་འོང་པ་ཅིན་ ལམ་ཁར་ཕད་ཙེ་༥༠ དེ་ཅིག་ བཏོན་ཐོག་ལས་ རྒྱ་གར་ལུ་ བཙོང་མི་དེ་ཡང་ ནང་འཁོད་དང་ཕྱདཔ་ད་ གོང་ཚད་མཐོ་སུ་སྦེ་ ཐོབ་ནི་དེ་གིས་ཨིན་པས་ཟེར་ ངོ་ཚབ་ཅིག་གིས་ སླབ་ཨིན་པས།
ངོ་ཚབ་ཚུ་གིས་ སླབ་མིའི་ནང་ དབང་འཛིན་དང་ ཡང་ཅིན་ གཞུང་འབྲེལ་འགོ་དཔོན་ཚུ་གིས་ དོས་ཁང་ནང་འོང་སྟེ་ ཞིབ་དཔྱད་རྐྱབ་ནི་གི་ དུས་ཚོད་ན་འཐན་རན་ཡོདཔ་མ་ཚད་ རྩི་སའི་ཚོང་འབྲེལ་ངོ་ཚབ་ཚུ་ལུ་ཡང་ རྩི་ས་ཚུ་ རྒྱ་གར་ལུ་ བཙོང་ནི་མེདཔ་སྦེ་ བརྡ་བསྐུལ་འབད་དགོ་ཟེར་ཨིན་པས།
དེ་འབདཝ་ད་ རྩི་ས་དོས་ཁང་གི་ འཛིན་སྐྱོང་པ་ བསོད་ནམས་རྡོ་རྗེ་གིས་ ཁ་ཉེས་བཀལ་མི་ལུ་ ཁ་བཟེད་མི་བཏུབ་དོ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ངོ་ཚབ་ཚུ་གིས་ ཉོགས་བཤད་བཀོད་མི་ཚུ་ལུ་ བདེན་ཁུངས་ག་ནི་ཡང་མེདཔ་ལས་ དོན་མེད་ཀྱི་ རྩོད་རྙོགས་བཟོཝ་མས་ཟེར་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ཏུར་སའི་སྦོ་ལོགས་ཁར་བཞག་མི་ སྣུམ་འཁོར་ཊཱག་ཚུ་ རྩི་ས་གྲངས་འབོར་ངེས་ཏིག་འབད་སྟེ་ དྲོ་པར་ལྷོད་མི་ཚུ་ཨིནམ་ལས་ དེ་ཚེ་ སྤྱི་ཟླ་༤ པའི་ཚེས་༢༥ ལུ་ ཚོང་འབྲེལ་ངོ་ཚབ་༥༨ ཆ་མཉམ་གྱིས་ རྩི་ས་ཊཱག་དོས་རེ་གི་རྩིས་ ཐོབ་ཅི་ཟེར་ཨིན་པས།
རྒྱ་གར་གྱི་ ས་ཁོངས་ནང་ ཉིན་གྲངས་༣ གྱི་རིང་ ལཱ་བཤོལ་ངོ་རྒོལ་འགྲེམ་སྟོན་འབད་བའི་ཤུལ་ལུ་ ལམ་བཏང་ནི་དེ་གིས་ རྩི་ས་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ག་ར་གཅིག་ཁར་སྦེ་ ཕུན་ཚོགས་གླིང་གི་ དོས་ཁང་ནང་ ལྷོད་ཡོདཔ་བཞིན་དུ་ རེ་ཚེ་སྐབས་ ཊཱག་ཚུ་ ཕྱིས་སུ་སྦེ་ལྷོདཔ་ད་ དེད་གཡོགཔ་ཚུ་གིས་ ཁོང་རའི་སྟབས་བདེ་ཧིང་དང་འཁྲིལ་ ས་གོ་སོ་སོའི་ནང་ བཀག་བཞག་ནི་ཡོད་ཟེར་ དོས་ཁང་གི་ འཛིན་སྐྱོང་པ་གིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༤ པའི་ཚེས་༢༥ ལུ་ལྷོད་མི་ ཊཱག་ཚུ་ཡང་ ས་གནས་ཀྱི་ ཇོ་བདག་ཅིག་གི་ཨིནམ་ལས་ ཁོང་ལུ་ ཏུར་ས་ལུ་ སྣུམ་འཁོར་བཞག་ས་ཡོད་ནི་དེ་གིས་ སྲུང་སྐྱོབ་ཀྱི་ གནད་དོན་ལུ་བརྟེན་ ཨ་རྟག་བཟུམ་སྦེ་ ས་གནས་དེ་ཁར་ བཞག་ཡོད་མི་དེ་ ཚོང་འབྲེལ་ངོ་ཚབ་ཅིག་གིས་མཐོངམ་ད་ ཊཱག་ཚུ་གིས་ དོས་ཁང་ལུ་ མ་ལྷོད་པའི་ཧེ་མར་ རྩི་ས་ཚུ་ བཏོན་བཞག་དོ་འོང་ནི་མས་ཟེར་བའི་ དོགས་སྣང་བྱུང་ནུག་ཟེར་ བསོད་ནམས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྐྱེལ་འདྲེན་པ་དེ་གིས་ ཁོང་རའི་ཊཱག་ཚུ་ ག་ཏེ་བཞག་དགོཔ་ཨིན་ན་ སླབ་ནི་གི་དབང་ཚད་ དོས་ཁང་ལུ་མེད་ཟེར་ཨིནམ་ད་ ད་ཚུན་གྱི་བར་ན་ རྩི་ས་འཕྲུལ་ཁང་ལས་བཏང་མི་ རྩི་སའི་འབོར་གྲངས་ལྷད་ཆད་མེད་པར་ དོས་ཁང་ནང་ ལྷོད་ནི་ཡོདཔ་ལས་ ང་བཅས་ཀྱིས་འབད་བ་ཅིན་ དཀའ་ངལ་ག་ནི་ཡང་མེད་ཟེར་ བསོད་ནམས་རྡོ་རྗེ་གིས་ སླབ་ཨིན་པས།
འཛིན་སྐྱོང་པ་གིས་ སྤྱི་ཟླ་༤ པའི་ཚེས་༩ འི་ཧེ་མར་ རྩི་ས་བེག་ཚུ་ བྱང་སྟོར་ཤོར་བའི་ རྩོད་དོན་ཚུ་ ཐོན་ཡོད་རུང་ དེ་གི་ཤུལ་ལས་ དོས་ཁང་གིས་ རྩི་ས་དོས་ཚུ་ བྱང་སྟོར་མ་ཤོར་བར་ཚངམ་སྦེ་ཡོད་མེད་ བརྟག་ཞིབ་འབད་ནེ་གིས་ དཀའ་ངལ་མ་བྱུང་པའི་ཁར་ སྐྱེལ་འདྲེན་པ་ཚུ་ལུ་ རྩི་སའི་དོས་ཚུ་ དུས་ཡུན་ཆུ་ཚོད་༤༨ ཀྱི་ནང་འཁོད་ལུ་ དོས་ཁང་ནང་ལྷོད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ལུ་ བརྒྱུད་འཕྲིན་གྱི་ཐོག་ལས་ དྲི་བ་དྲིས་ལན་འབདཝ་ད་ ཁོ་གི་ཁ་ཐུག་ལས་ ག་ནི་ཡང་ སླབ་ནི་མེད་ཟེར་ སླབ་ཨིན་པའི་གནས་ཚུལ།

གནས་ཚུལ་བསྐྱལ་མི་ དབྱངས་ཅན་ སི་རིག་འཛིན།

No comments:

Post a Comment