གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཅན་གཟན་སྟག་ ཉམས་སྲུང་འབད་ནིའི་ལམ་འགྲུལ།

བློན་པོ་ཌོག་ཊར་ པདྨ་རྒྱ་མཚོ་དང་ ནགས་ཚལ་འགོ་དཔོན་ཚུ་ ལམ་འགྲུལ་འབད་བའི་བསྒང་།
༉ ད་ཚུན་གྱི་བར་ན་ རྒྱལ་ཁབ་ཀྱིས་ འཛམ་གླིང་ནང་དཀོན་དྲགས་ཅན་ཅིག་ཨིན་མི་ གཅན་གཟན་སྟག་ཚུ་ ཉམས་སྲུང་འབད་ནིའི་ཐབས་ལམ་སྟོན་བཞིན་དུ་ཡོད་པའི་སྐོར་ལས་ ཁ་ཙ་ སོ་ནམ་དང་ནགས་ཚལ་ལྷན་ཁག་དང་ འཛམ་གླིང་རི་དྭགས་སེམས་ཅན་མ་དངུལ་༢ མཉམ་འབྲེལ་ཐོག་ལས་  ཐིམ་ཕུ་རྡོ་གདན་ནང་ལས་ རྒྱ་སམ་རྒྱ་ཚུན་ ཀི་ལོ་མི་ཊར་༥ དེ་ཅིག་ རྐང་ཐང་སྦེ་ ལམ་འགྲུལ་འབད་ཡོདཔ་ཨིན་པས།

ལས་རིམ་ནང་ སོ་ནམ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་གཙོས་པའི་ རི་དྭགས་སེམས་ཅན་ ཉམས་སྲུང་དང་སྲོག་སྐྱབས་འགོ་དཔོན་མཁས་མཆོག་ དེ་ལས་ བརྡ་བརྒྱུདཔ་ཚུ་རྩིས་ཏེ་ མི་གྲངས་༤༥ དེ་ཅིག་གིས་ ལས་རིམ་ནང་བཅའ་མར་གཏོགས་ཡོདཔ་ད་ སྡེ་ཚན་གྱིས་ ཝང་ཆུའི་མཐའམ་བདའ་སྟེ་ གཅན་གཟན་སྟག་གི་ རྐང་རྗེས་དང་ ས་གནས་ནང་སྡོད་པའི་ཤུལ་ཚུ་ བརྟག་ཞིབ་འབད་ཐོག་ལས་ གསང་བའི་པར་བཏབ་འཕྲུལ་ཆས་༥༠ དེ་ཅིག་ བཙུགས་ཡོདཔ་ཨིན་པས།
རྡོ་གདན་ནང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་ཀྱི་གླིང་ཁ་དེ་ གཅན་གཟན་སྟག་ཚུ་འཁྱམས་སའི་ ས་ཁོངས་ཅིག་སྦེ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ དེ་ནང་ པར་བཏབ་འཕྲུལ་ཆས་བཙུགས་བཞག་མི་དེ་ཡང་ སེམས་ཅན་གྱི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་ཐབས་ལུ་ཨིན་ཟེར་ གླིང་ཁའི་ནགས་ཚལ་གཙོ་འཛིན་འགོ་དཔོན་ ཕུན་ཚོགས་འཕྲིན་ལས་ཀྱིས་སླབ་ཅི།
ཁོ་གིས་འབད་བ་ཅིན་ གཅན་གཟན་སེམས་ཅན་དེ་ སྐྱེ་ལྡན་གནས་སྟངས་རིམ་ལུགས་ཚུ་ནང་ ཚད་གཞི་སྙོམས་ཏོག་ཏོ་སྦེ་ བཞག་ནིའི་དོན་ལུ་ ཁག་ཆེ་ཤོས་ཅིག་ཨིནམ་ད་ གལ་སྲིད་ གཅན་གཟན་སྟག་མེད་པ་ཅིན་ སེམས་ཅན་གཞན་ དཔེར་ན་ རི་ཕག་དང་ ཀ་ཤ་ལ་སོགས་པའི་གྱངས་ཁ་ཡར་སེང་ འགྱོ་ནིའི་ཉེན་ཁ་ཡོདཔ་ལས་ རི་དྭགས་སེམས་ཅན་ཚུ་གི་ གྱངས་ཁ་ཡར་སེང་འགྱོ་བ་ཅིན་ མི་སྡེ་དང་ རང་བཞིན་གནས་སྟངས་ལུ་ གནོད་འོང་ཟེར་ཨིན་པས།
སེམས་ཅན་སྟག་གི་ པགས་ཀོ་དང་ རུ་ཏོ་ཚུ་ རིན་གོང་སྦོམ་འཐོབ་ནི་དེ་གིས་ ད་རེས་ནངས་པ་ གཅན་གཟན་སྟག་བསད་མི་ མང་སུ་ཐོན་དོ་ཡོདཔ་ལས་ རི་དྭགས་སེམས་ཅན་སྲུང་སྐྱོབ་འབད་མི་ཚུ་ལུ་ ཚ་གྱང་སྦོམ་ལང་མི་དང་བསྟུན་ བྱ་ངན་གྱི་ ལཱ་བྱ་འཐབ་མི་ཚུ་ མར་ཕབ་འབད་ཐབས་ལུ་ སྟག་༡ གསད་པ་ཅིན་ འདི་ལུ་ ཉེས་ཆད་དངུལ་ཀྲམ་༥༠,༠༠༠ བཀལ་དོ་ཟེར་ཨིན་པས།
འགྲེམས་སྟོན་ལས་རིམ་སྐབས་ སོ་ནམ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་གསུངས་མིའི་ནང་ ང་བཅས་ཀྱི་ ག་ནི་བ་ཁག་ཆེ་བའི་ གཅན་གཟན་སྟག་གི་གྱངས་ཁ་དེ་ ཡར་སེང་འབད་མ་ཚུགས་པའི་འོག་ལས་ ད་ལྟོ་ ཡོད་མི་དེ་ ཉམས་སྲུང་འབད་ནི་ལུ་ གཙོ་བོར་བཏོན་དགོ་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ཡོད་པའི་ སེམས་ཅན་སྟག་གི་གྱངས་ཁ་དེ་ གསལ་ཏོག་ཏོ་ཅིག་སྦེ་ ག་གིས་ཡང་ སླབ་མི་ཚུགས་དོ་ཡོདཔ་ལས་ དེ་ཚུ་ཡང་ ངེས་བརྟན་བཟོ་དགོཔ་འདུག་ཟེར་ཨིན་པས།
འགྲེམས་སྟོན་ལས་རིམ་དེ་ གཙོ་ཆེ་ཤོས་ར་ བརྡ་བརྒྱུདཔ་ཚུ་ལུ་ སེམས་ཅན་ཉམས་སྲུང་འབད་དགོཔ་ ཁག་ཆེ་བའི་སྐོར་ལས་ཨིན་ཟེར་བཀོད་མི་ དེ་ཡང་ སྟག་སྲུང་སྐྱོབ་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ མི་མང་ལུ་གོ་བ་བརྡ་སྤྲོད་འབད་ནིའི་འགན་ཁག་དེ་ བརྡ་བརྒྱུདཔ་ཚུ་ལུ་ཕོག་ནི་དེ་གིས་ཨིན་ཟེར་ཨིན་པས།
ལས་རིམ་དེ་གིས་ འཛམ་གླིང་སྟག་ཉམས་སྲུང་ལས་རིམ་ནང་ འབྲེལ་གཏོགས་འབད་བའི་བརྡ་མཚོན་ཡང་ བཏོན་དོ་ཡོདཔ་ད་ སེམས་ཅན་དེ་ འཛམ་གླིང་ནང་ ཉམས་འགྱོ་ནིའི་ཉེན་ཁ་ཡོད་མི་ལུ་བརྟེན་ རྒྱལ་སྤྱིའི་རྒྱལ་ཁབ་ཚུ་གིས་ ཉམས་སྲུང་འབད་ནིའི་ ཐབས་བྱུས་སྣ་ཚོགས་ བཏོན་པའི་བསྒང་ཡོདཔ་ཨིན་པས།
རྒྱལ་སྤྱི་གཅན་གཟན་སྟག་ཉམས་སྲུང་འབད་ནིའི་ལས་རིམ་དེ་ འགོ་ཐོག་ སྤྱི་ལོ་༢༠༡༠ ལུ་ རཱ་ཤི་ཡ་ལུ་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ སེམས་ཅན་སྲུང་སྐྱོབ་འབད་ནིའི་ གནས་རིམ་ཚུ་བརྩམས་མི་དེ་ སྤྱི་ལོ་༢༠༡༡ ལུ་ བཱང་ལ་དེཤ་ལུ་ ཞལ་འཛོམས་ཐེངས་༢ པ་ འཚོགསཔ་ད་ ལག་ལེན་ངོ་མ་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཝ་ཤིང་ཊཱོན་ལུ་ འཚོག་ནི་ཨིན་མི་ ཁ་ཙའི་ལས་རིམ་དེ་ ཞལ་འཛོམས་ཐེངས་༣ པའི་སྐབས་ ཉམས་སྲུང་དང་འབྲེལ་བའི་ལམ་སྟོན་བཟུམ་ཅིག་ཨིན་ཟེར་བཀོད་འདུག་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།




No comments:

Post a Comment