གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒེར་སྡེའི་འགྲུལ་སྐྱེལ་བཱསི་ ཐེབས་བཙུགས་མི་ལུ་ ངོས་ལེན་ལེགས་ཤོམ་ཡོདཔ།

ཁྲོམ་སྡེའི་འགྲུལ་སྐྱེལ་བཱསི་ཚུ་ནང་ འགྲུལ་པ་ཚུ་མ་ཤོང་རུང་ གླ་འཁོར་ཚུ་སྟོངམ་སྦེ་ར་ ལུས་པའི་མཐོང་སྣང།
ཟླ་༤ པའི་ཚེས་༣༠

༉ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུ་ཁྲོམ་སྡེའི་ནང་ འབྲུག་འགྲེམ་གྱི་ འགྲུལ་སྐྱེལ་བཱསི་ཚུ་དང་གཅིག་ཁར་ མོ་བཏབ་ཀྱི་དོན་ལུ་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གིས་ སྒེར་སྡེའི་ འགྲུལ་སྐྱེལ་བཱསི་༡༠ ཐེབས་བཙུགས་མི་གིས་ སྤྱིར་བཏང་མི་མང་ལུ་ ཞབས་ཏོག་ལེགས་ཤོམ་ཐོབ་ཡོད་རུང་ གླ་འཁོར་བཏང་སྟེ་ མི་ཚེ་འཚོ་སྐྱོང་འཐབ་མི་ཚུ་ལུ་ དཀའ་ངལ་གྱི་ གཞི་གནས་ཅིག་ལུ་ འགྱུར་དོ་ཡོདཔ་ཨིན་པས། 


གླ་འཁོར་གཏང་མི་ ཚེ་རིང་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྒེར་སྡེའི་འགྲུལ་སྐྱེལ་བཱསི་ཐེབས་ མ་བཙུགས་པའི་ཧེ་མར་ གླ་འཁོར་ནང་ འགྲོ་འགྲུལ་འབད་མི་ཚུ་ གཅིག་ཤུལ་གཉིས་སྦེ་ འོང་ནི་ཡོད་ཟེར་ཨིན་པས།
ཁོ་གིས་ གླ་འཁོར་བཏང་སྟེ་ ཉིནམ་རེའི་ནང་ དངུལ་ཀྲམ་༡༣༠༠ ལྷགཔ་རེ་ཐོབ་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ སྒེར་གྱི་ སྣུམ་འཁོར་བཱསི་ཐེབས་བཙུགས་མི་ལུ་བརྟེན་ དངུལ་ཀྲམ་༥༠༠ ཡང་ འཐོབ་ཚུགས་པ་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
གླ་འཁོར་གཏང་མི་ ལ་ལུ་ཅིག་གིས་འབད་བ་ཅིན་ ཐིམ་ཁྲོམ་ནང་ སྒེར་གྱི་བཱསི་ཐེབས་བཙུགས་དགོ་པའི་ གནད་དོན་ག་ཅི་ཨིན་ན་ མི་ཤེས་པས་ཟེར་ཨིནམ་ད་ ད་ཚུན་གྱི་རིང་ལུ་ མི་མང་སྐྱེལ་འདྲེན་གྱི་ཞབས་ཏོག་ཚུ་ གླ་འཁོར་གཏང་མི་ཆ་ཁྱབ་ཀྱིས་ ག་དེ་དྲག་དྲག་བྱིན་ཏེ་ར་ ཡོད་ཟེར་ཨིན་པས།
ཧེ་མ་ལས་ འབྲུག་འགྲེམ་གྱིས་ འགྲུལ་སྐྱེལ་བཱསི་བཙུགས་མི་དེ་གིས་ཡང་ ང་བཅས་ལུ་ དོ་འགྲན་སྦོམ་བྱུང་ཡོད་པའི་ཁར་ ད་རུང་ ད་རེས་ཀྱི་ལས་འཆར་གསརཔ་དེ་གིས་ ལྷག་པར་དུ་ ཡར་སེང་འགྱོཝ་མས་ཟེར་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཀརྨ་གཏན་པ་གིས་ འབད་བ་ཅིན་ དེ་བཟུམ་གྱི་ ཞབས་ཏོག་འགོ་བཙུགས་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ རྒྱལ་ས་ལྟེ་བའི་ནང་ རང་རྐྱང་གི་ སྒེར་འཁོར་ལག་ལེན་འཐབ་པའི་ འུར་བྱེལ་དང་ སྣུམ་འཁོར་གྱི་ གྱངས་ཁ་ཚུ་ མར་ཕབ་འབད་ཐབས་ལུ་ གཞུང་གིས་ འཆར་གཞི་དེ་ འགོ་བཙུགས་ཅི་ཟེར་ཨིན་པས།

ཁོ་གིས་ འབད་བ་ཅིན་ ད་ལྟོའི་གནས་སྟངས་ནང་ བཟུམ་ཅིག་འབད་བ་ཅིན་ ལོ་བསྟར་བཞིན་དུ་ སྣུམ་འཁོར་༨,༠༠༠ དེ་རེ་ ནང་འདྲེན་འབད་མི་ལུ་བརྟེན་ ཁྲོམ་ལྟེ་བའི་ འགྲུལ་འཁོར་ལམ་དང་ སྣུམ་འཁོར་བཞག་ས་ དེ་ལས་ སྣུམ་འཁོར་མ་ཤོང་པའི་ འུར་ཟིང་དང་ ཐུག་རྐྱེན་གྱི་དཀའ་ངལ་སེལ་མ་ཚུགས་པར་ཡོད་མི་ཚུ་ མར་ཕབ་འབད་ནིའི་ཐབས་ལམ་ཅིག་ ཨིན་ཟེར་ཨིན་པས།

གླ་འཁོར་ནང་འགྲོ་འགྲུལ་འབད་མི་ ལ་ལུ་ཅིག་གིས་འབད་བ་ཅིན་ གླ་འཁོར་གཏང་མི་ཚུ་གིས་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ བཟོ་ཡོད་པའི་ གླ་ཆའི་ཚད་གཞིའི་གུ་ མ་གནས་པར་ ཁོང་རའི་འདོད་པ་ལྟར་དུ་ ལག་ལེན་འཐབ་དོ་ ཡོདཔ་ལས་ ལས་འཆར་གསརཔ་དེ་གིས་ དཀའ་ངལ་ཚུ་ སེལ་ཚུགས་པས་ཟེར་ཨིན་པས།
འབྲུག་འགྲེམ་འཛིན་སྐྱོང་པ་ རྡོ་རྗེ་ཕུན་ཚོགས་ཀྱིས་ འབད་བ་ཅིན་ ད་ལྟོ་ འབྲུག་འགྲེམ་ནང་ འགྲུལ་འཁོར་བཱསི་༡༤ ཡོད་མི་གིས་ མི་མང་གི་ མཁོ་འདོད་གྲུབ་མ་ཚུགསཔ་ལས་ ད་རུང་ མི་གྲངས་༦༠ འི་ཤོང་ཚད་ཡོད་པའི་ འགྲུལ་འཁོར་བཱསི་གསརཔ་༥ མཁོ་མངགས་འབད་མི་དེ་ ལྷོད་ཡོདཔ་ལས་ ད་རིས་ལས་ འགྲུལ་སྐྱེལ་འགོ་བཙུག་ནི་ ཨིན་ཟེར་ཨིན་པས།
སྒེར་གྱི་འགྲུལ་སྐྱེལ་བཱསི་དང་ འབྲུག་འགྲེམ་གྱི་བཱསི་ཚུ་ ནུབ་ཕྱོགས་ཁ་ཐུག་ དཔེར་ན་ བདེ་ཆེན་ཆོས་གླིང་དང་ འབྱུང་བཞི་ནང་ དེ་ལས་ མུ་ཏིག་ཐང་ཚུ་ནང་ སྐྱེལ་འདྲེན་འབད་མི་བཱསི་ཚུ་ ཆུ་བར་ཆུ་ སློབ་གྲྭའི་ཁ་ཐུག་ལུ་བཞག་ཐོག་ལས་ ཞབས་ཏོག་བྱིན་ནི་དང་ ལྷོ་ཕྱོགས་ཁ་ཐུག་ལུ་ འགྲུལ་སྐྱེལ་འབད་མི་བཱསི་ཚུ་ ད་ལྟོའི་ ས་ཁོངས་ནང་ར་ བཞག་ནི་ ཨིན་ཟེར་ཨིན་པས།
མེ་ཏོག་སྐྱེལ་འདྲེན་བཱསི་གི་ འདེད་གཡོགཔ་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ ད་ལྟོ་ མི་སེར་ཚུ་ལུ་ཞབས་ཏོག་བྱིན་ཏེ་ བདུན་ཕྲག་གཅིག་ ལྷགཔ་ཅིག་སོང་བའི་ཉམས་མྱོང་ལྟར་དུ་འབད་བ་ཅིན་ མི་སེར་ཚུ་གི་ཁ་ལས་འབད་རུང་ སྤྲོ་བ་དང་ དང་འདོད་ཐེབས་བསྐྱེད་དེ་ འགྲོ་འགྲུལ་འབད་མི་གིས་ ངོས་ལེན་ཚུ་ ལེགས་ཤོམ་བྱུང་དོ་ཡོདཔ་ཨིན་རུང་ དུས་ཚོད་དང་འཁྲིལ་ འགྲོ་འགྲུལ་འབད་དགོ་པའི་ ཁྲིམས་ལུགས་ཡོད་ནི་དེ་གིས་ རེ་ཚེ་སྐབས་ གྱོང་རྒུད་ཐོག་ལས་ཡང་ ལཱ་འབད་དགོཔ་ཡང་ཐོནམ་མས་ཟེར་ཨིན་པས།
འགྲུལ་མི་ལ་ལུ་ཅིག་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ སྐྱེལ་འདྲེན་གྱི་ཞབས་ཏོག་དེ་ ཁྲོམ་སྡེའི་ཕྱི་ཁར་ཡང་ བཙུག་དགོཔ་འདུག་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment