གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨར་རྐུན་གཅིག་ཤུལ་གཉིས་ཤུལ་འབད་མི་ ༣ འཛིན་བཟུང་།

ཟླ་༤ པའི་ཚེས་༣༠

ཁྲིམས་སྲུང་འགག་པ་གིས་ ཨར་རྐུན་གྱི་ ཅ་ཆས་ཉོ་མི་༨ འཛིན་བཟུང་འབད་ནུག།

ཁྲིམས་སྲུང་འགག་པ་གིས་ འཕྱོག་བཟུང་འབད་མི་ ཨར་རྐུན་གྱི་ཅ་ཆས་ དངུལ་ལོར་དང་ གཟི་ བྱུ་རུ་ བ་སོའི་ཕོརཔ་ དེ་ལས་ མཆོད་ཆས་ཚུ།
༉ ཐིམ་ཕུའི་ཁྲིམས་སྲུང་འགག་པ་གིས་ འཕྲལ་ཁམས་ཅིག་ཁར་ ཁྱིམ་ནང་ཚུ་ལས་ ཨར་རྐུན་གཅིག་ཤུལ་གཉིས་ཤུལ་འབད་མིའི་ནང་ འབྲེལ་གནད་ཡོད་མི་ ཕོ་སྐྱེས་༣ འཛིན་བཟུང་འབད་ཡོདཔ་ཨིན་པས།



དེ་ཡང་ འདས་པའི་ཟླ་ངོ་དག་པ་ཅིག་གི་ནང་ བྱུང་རྐྱེན་ཁག་སོ་སོའི་ནང་ ཁོང་༣ གྱིས་ སྡོད་ཁྱིམ་ཚུ་ནང་འཛུལ་ཏེ་ དངུལ་རྐྱང་དང་ བྱུ་རུ་ དང་ཕའི་ཏིག་རྐྱང་ གསེར་དང་དངུལ་གྱི་ཅ་ཆས་ དེ་ལས་ མཆོད་ཆས་ལ་སོགས་པའི་ ཅ་དངོས་མང་རབས་ཅིག་ ཨར་རྐུན་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༩ ལུ་ འཛིན་བཟུང་འབད་མི་ཅིག་ དགེ་བགྲེས་ཨིནམ་ལས་ ཁོ་གིས་ ཐིམ་ཕུ་ཨོ་ལ་ཁ་དང་ ཐིམ་ཁྲོམ་གོངམ་ ཧེ་འཇོ་ ལྕང་སྒྱིད་དར་ཕུག་ ལྕང་ཟམ་ཏོག་ སེམས་རྟོགས་ཁ་ཚུ་ནང་ སྡོད་ཁྱིམ་༡༢ དེ་ཅིག་ལས་ ཨར་རྐུན་འབད་ཡོདཔ་ད་ དགེ་བགྲེས་དེ་གིས་ སྤྱི་ལོ་༢༠༡༠ ལས་ཚུར་ ཁྱིམ་ཚུ་ནང་ལས་ ཨར་རྐུན་འབད་ཡོདཔ་སྦེ་ ཁྲིམས་སྲུང་འགག་པ་ལུ་ རྫུན་ཁ་བཟེད་ཡོདཔ་ཨིན་པས།
དགེ་བགྲེས་དེ་གིས་ སྤྱི་ཟླ་༤ པའི་ཚེས་༩ ཉིན་མར་ ཨོ་ལ་ཁ་ལུ་ ཁྱིམ་ཅིག་ནང་ལས་ ཨར་རྐུན་འབད་བའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་གིས་ ནུབ་ཕྱེད་ཚུན་ཚོད་ བསྒུགས་སྡོད་ཞིནམ་ལས་ ཕོ་སྐྱེད་དེ་ འཛིན་བཟུང་འབད་ཡོདཔ་ད་ ང་བཅས་ཀྱིས་ ནུབ་ཕྱེད་ལུ་ དོགས་པ་ཅན་གྱི་ཁྱིམ་ནང་ རྟོག་མེད་ཞིབ་དཔྱད་འབད་དེ་ ཁོ་གིས་ དེ་ཚེ་ཉིན་མར་ ཁྱིམ་ཅིག་ནང་ལས་ ཨར་རྐུན་འབད་མི་ དངུལ་རྐྱང་དང་ དང་ཕུའི་ཏིག་རྐྱང་ཚུ་ ཐོབ་ཅི་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤད་པའི་ཁར་ དོགས་པ་ཅན་ཚུ་ ལྟ་རྟོག་དམ་དམ་ཐོག་ལུ་ བཞག་ཡོད་ཟེར་ སླབ་ཨིན་པས།
སྤྱི་ལོ་༢༠༡༠ ལས་ཚུར་ དགེ་བགྲེས་ཀྱིས་ དངུལ་རྐྱང་ས་ཡ་༢ ལྷགཔ་ཅིག་དང་ གནས་གོང་དངུལ་ཀྲམ་ས་ཡ་ལེ་ཤ་གནས་པའི་ གསེར་དང་དངུལ་གྱི་ ཅ་ཆས་ཚུ་ ཨར་རྐུན་འབད་ཡོདཔ་ད་ དོགས་ཅན་དེ་གིས་ སྣུམ་འཁོར་ཀཱར་གྱི་ ཚོང་འབྲེལ་འཐབ་མི་ཅིག་ ཨིན་བརྫུ་བཏབ་སྟེ་ ལོ་ངོ་༡ ནང་ ཀཱར་༩ ཉོ་མཙོང་འཐབ་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
དེ་མ་ཚད་ ཁྲིམས་སྲུང་འགག་པ་གིས་ ཁོ་ལས་ ཨར་རྐུན་གྱི་ ཅ་ཆས་ཚུ་ཉོ་མི་ མི་༨ འཛིན་བཟུང་འབད་ཡོདཔ་ད་ མི་ཚུ་གིས་ ཅ་ཆས་ཚུ་ལུ་ དོགས་སྣང་བསྐྱེད་ནིའི་ཚབ་ལུ་ གོང་ཚད་ཕྱེད་ལས་ཉུང་སུ་སྤྲོད་དེ་ ཉོ་ནུག་ཟེར་ བཤད་པའི་ཁར་ ཨར་རྐུན་འབད་བའི་ ཅ་ཆས་ཉོ་མི་ མངམ་འོང་ནི་ཨིནམ་ལས་ འཚོལ་ཞིབ་འབད་བའི་བསྒང་ཡོད་ཟེར་ བཤདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས དགེ་བགྲེས་ལས་ སྣུམ་འཁོར་ཨའི་༢༠ ཀཱར་ཅིག་ཡང་ འཕྱོག་བཟུང་འབད་ནུག།
སློབ་གྲྭ་ལས་ ཐོན་སྡོད་མི་ ཕོ་སྐྱེས་༢ པོ་དེ་ཡང་ ཨོ་ལ་ཁ་ སེན་ཊཱལ་ པ་ལ་ཟ་ལས་ འཛིན་བཟུང་འབད་ཡོདཔ་ད་ ཁོང་གིས་ རྒྱལ་ས་ལྟེ་བ་ལུ་ ཁྱིམ་༣ ལས་ མཆོད་ཆས་དང་ གསེར་དངུལ་གྱི་ ཅ་ཆས་ཚུ་ ཨར་རྐུན་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཨར་རྐུན་ཤོར་མི་ ཇོ་བདག་ཚུ་ལུ་ སྙན་ཞུ་འབད་ཡོདཔ་ད་ ད་ལྟོ་ དོ་དམ་འོག་ལུ་ཡོད་མི་ ཕོ་སྐྱེས་༣ ཆ་ར་ སྐྱེས་ལོ་༢༠ ཉེར་གྲངས་དང་༣༠ སོ་གྲངས་འབད་མི་ཚུ་ཨིན་པའི་ཁར་ ཧེ་མ་ཡང་ ཁྲིམས་འགལ་གྱི་ གནས་ཐོ་ཚུ་ནང་ ཚུད་མི་ཚུ་ཨིན་པའི་གནས་ཚུལ།

ཀུན་གསལ་ལས་བྱེདཔ།

No comments:

Post a Comment