གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་རྩིས་ལྷན་ཁག་སྡེ་ཚན་གྱིས་ མཐའ་བཅད་འགྲན་བསྡུར་ནང་ལྷོད་ཡོདཔ།

ཟླ་༤ པའི་ཚེས་༢༧

༉ དངུལ་རྩིས་ལྷན་ཁག་དང་ འབྲུག་གློག་མེ་ལས་འཛིན་ སྡེ་ཚན་༢ ཀྱི་བར་ན་ འགོ་འདྲེན་འཐབ་མི་ མཐའ་བཅད་འགྲན་བསྡུར་འོག་མ་དེ་ ཉིན་དང་པའི་ནང་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ ཁ་ཙ་འཕྲོ་མཐུད་རྩེད་འགྲན་འབད་ཡི།


དྲོ་པའི་ཆུ་ཚོད་༨ ལས་འགོ་བཙུགས་ རྩེད་འགྲན་འབདཝ་ད་ སྐོར་ཐེངས་༣ གྱི་ནང་འཁོད་ལུ་ འབྲུག་གློག་མེ་ལས་འཛིན་གྱིས་ སྐུགས་༡༧ ཐོབ་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་ཐོབ་མ་ཚུགས་པར་ སྐུགས་༢༣ ལུ་ར་ ལུས་ཡོདཔ་ཨིན་པས།
སྐོར་ཐེངས་༤ པ་རྩེ་བའི་སྐབས་སུ་ དངུལ་རྩིས་ལྷན་ཁག་སྡེ་ཚན་གྱིས་ བཀག་རེག་༢ ཕོག་ཡོདཔ་ལས་ སྐུགས་ཆོད་ནི་གུ་བསྡོམས་རྩིས་ཚངམ་ད་ འབྲུག་གློག་མེ་སྡེ་ཚན་གྱི་མདའ་རྩེདཔ་གཅིག་གིས་ མདའ་རྐྱབ་ད་ དུམ་གྲ་ཅིག་འབའ་ཕྲང་མ་ཚུགས་རུང་ འབའ་བཏེག་མི་ཆ་རོགས་དེ་གིས་ མདའ་འོང་སའི་ཁ་ཐུག་ལུ་ འབའ་གཡོ་བཏང་མི་ལུ་བརྟེན་ བཀག་རེག་ཕོག་མཆིས་ནུག།
ཁོ་གིས་ དེ་བཟུམ་གྱི་ལཱ་བྱ་འཐབ་པའི་སྐབས་ལུ་ དངུལ་རྩིས་ལྷན་ཁག་སྡེ་ཚན་གྱིས་ དྲང་དཔོན་ལུ་ ཉེན་བརྡའི་སྙན་ཞུ་ཚུ་ འབད་ཡོད་རུང་ དྲང་དཔོན་གྱིས་ མདའ་འཕྲོ་མཐུད་རྐྱབ་བཅུག་ཡོདཔ་ལས་ ད་རུང་ འབྲུག་གློག་མེ་སྡེ་ཚན་གྱི་ཆ་རོགས་ཅིག་གིས་ བཀག་རེག་ཕོགཔ་ད་ སྐུགས་ཆོད་མ་ཚུགས་པར་ལུས་སོ་ནུག།
དེ་ལས་ དངུལ་རྩིས་ལྷན་ཁག་སྡེ་ཚན་གྱིས་ དྲང་དཔོན་ལུ་ ཉོགས་བཤད་བཀོད་དེ་ མདའ་རྩེད་མ་བཏུབ་པའི་སྐབས་ མདའ་རྩེད་སྡེ་ཚན་༢ དང་ ལྟདམོ་བལྟ་མི་ དེ་ལས་ དྲང་དཔོན་ཚུ་གྱི་བར་ནང་ རྩོད་ཉོགས་ཚུ་ཐོན་ནུག།
མཐའན་མཇུག་ཁར་ འབའ་དཀྲོགས་མི་དེ་ རེཌི་ཀཱཌི་བཏོན་ཐོག་ལས་ མདའ་རྩེད་མ་ཆོགཔ་སྦེ་བཞག་པའི་ཤུལ་ལུ་ ལོག་འཕྲོ་མཐུད་རྩེད་འགྲན་འབད་ནི་འགོ་བཙུགས་ནུག།
མདའ་རྩེད་ལྟ་རྟོག་དྲང་དཔོན་ པདྨ་ཟླ་བ་གིས་ སླབ་མའི་ནང་ འབྲུག་མདའ་རྩེད་ཚོགས་སྡེ་གིས་ མདའ་རྩེད་འགོ་འདྲེན་འཐབ་སྟེ་ ལོ་ལེ་ཤ་སོང་རུང་ ད་རེས་ཀྱིས་ རྩོད་ཉོགས་དེ་ འགོ་དང་པ་ཨིན་ཟེར་ སླབ་ཨིན་པས།
དུས་རྒྱུན་ལྟདམོ་ལྟ་བར་འོང་མི་ སྐྱེས་ལོ་༧༦ ལང་མི་ཨ་རྒས་རིན་ཆེན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མདའ་རྩེད་ཀྱི་ལམ་ལུགས་དེ་ ཧེ་མ་འབད་བ་ཅིན་ འབའ་སྐྱོར་ས་ཁོངས་ནང་ལུ་ འབའ་བཏེག་མི་༢ ལས་བརྒལ་སྡོད་མི་ཆོགཔ་མ་ཚད་ འབའ་གུ་ ལགཔ་བཀལ་ཐག་མི་ཆོག་ཟེར་ཨིན་པས།
གལ་སྲིད་འདི་བཟུམ་གྱི་ལཱ་བྱ་རེ་འཐབ་པ་ཅིན་  སྐུགས་བཏོག་ནི་དང་ བཀག་རེག་ཆ་མེད་གཏང་ནིའི་སྲོལ་ ཡོད་ཟེར་ཨིན་པས།
ལྟདམོ་བལྟ་མི་ལ་ལུ་ཅིག་གིས་ འབད་བ་ཅིན་ འབྲུག་མདའ་རྩེད་ཚོགས་པའི་འགོ་འདྲེན་པ་ཚུ་གིས་ ལམ་ལུགས་ཚུ་ སྒྲིང་སྒྲིང་བཟོ་དགོཔ་འདུག་ཟེར་ཨིན་པས།
འུར་བྱེལ་གྱི་དཀའ་རྙོགས་ཚུ་སེལ་ཚར་ཏེ་ སྐོར་ཐེངས་༥ པ་རྩེད་འགྲན་འབདཝ་ད་ དངུལ་རྩིས་ལྷན་ཁག་གིས་ བཀག་རེག་གཅིག་རྐྱབ་ཡོད་མི་དེ་ འབྲུག་གློག་མེ་སྡེ་ཚན་གྱིས་ བཏོག་མ་ཚུགསཔ་ལས་ རྒྱལ་ཁ་ཐོབ་ཡོད་མི་ལུ་བརྟེན་ སྤྱི་ཟླ་༥ པའི་ཚེས་༢ ལུ་ འབྲུག་སྐྱབས་ཆ་བཟོ་སྐྲུན་དང་གཅིག་ཁར་ མཐའ་བཅད་འགྲན་བསྡུར་ནང་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment