གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱགས་སྙིགས་ཚུ་ ག་ལྷོད་བཀོ་བ་ཅིན་ ཡངས་ཆག་ མེད་པར་ ཉེས་ཆད་བཀལ་ནི།

ཁ་ཙ་ ཁས་བླངས་པ་ཚུ་གིས་ ཐིམ་ཆུ་བདའ་སྟེ་ ཕྱགས་སྙིགས་རག་རོ་ཚུ་ བསྡུ་སྒྱོམ་འབད་བའི་བསྒང་།
༉ ཁ་ཙ་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ ཕྱགས་སྙིགས་བཀག་དམ་དང་འཛིན་སྐྱོང་བཅའ་ཁྲིམས་ ལག་ལེན་འཐབ་ནི་ འགོ་བཙུགསཔ་དང་འབྲེལ་ སྔོན་འགོག་བཟུམ་ཅིག་སྦེ་ ད་ལས་ཕར་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོ་སར་མཐོང་པ་ཅིན་ ཡངས་ཆག་མེད་པར་ ཉེས་ཆད་བཀལ་ནི་ཨིན་པའི་སྐོར་ལས་ ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་ས་ཁོངས་ནང་སྦེ་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།

མི་མང་གི་ ས་ཁོངས་ཚུ་ནང་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོ་མི་དང་ ཆབ་གསང་བསྡུསཔ་དང་ རྒྱསཔ་བཏང་མི་ དེ་ལས་ དབང་འཛིན་ལས་ གནང་བ་མེད་པར་ ཕྱགས་སྙིགས་བསྡུ་ལེན་འབད་མི་ཚུ་ལུ་ ཉེས་ཆད་དངུལ་ཀྲམ་༡༠༠ རེ་དང་ གནང་བ་མེད་པའི་ ས་གོ་ཚུ་ནང་ ཕྱགས་སྙིགས་བཀོ་མི་དང་ སྡོད་ཁྱིམ་ས་ཁོངས་ ཡང་ཅིན་ ཚོང་ལས་སྡེ་ཚན་ཅིག་གི་ ས་མཚམས་ཁར་ ཕྱགས་སྙིགས་བཀོ་བཞག་སར་མཐོང་པ་ཅིན་ ཉེས་ཆད་དངུལ་ཀྲམ་༥༠༠ དེ་ལས་ ཚོང་འབྲེལ་ལས་ཁང་ཚུ་གིས་ ཚོང་མགྲོན་པ་ཚུ་གི་དོན་ལུ་ ཕྱགས་སྙིགས་བཀོ་སའི་ཧོད་མེད་པ་ཅིན་ ཉེས་ཆད་དངུལ་ཀྲམ་༡,༠༠༠ རེ་བཀལ་ནི་ཨིན་པས།
དབང་འཛིན་ལས་ གནང་བ་མེད་པར་ ཁྲོམ་ལམ་དང་ མི་ལམ་ཁར་ ཚོང་བཙོང་མི་དང་ འབབ་ཆུ་དང་ གཙང་ཆུ་ དེ་ལས་ བཙོག་གཡུར་ཚུ་ནང་ ཕྱགས་སྙིགས་བཀོ་བ་ཅིན་ ཉེས་ཆད་དངུལ་ཀྲམ་༡,༠༠༠ རེ་བཀལ་ནི་ཨིན་པས།
བཟོ་གྲྭའི་ཕྱགས་སྙིགས་ཚུ་ ངོས་འཛིན་མེད་པའི་ས་གོ་དང་ མཐུན་རྐྱེན་མེད་པའི་ས་གོ་ནང་ ཕྱགས་སྙིགས་ཚུ་ བཀོ་བ་ཅིན་ ཉེས་ཆད་དངུལ་ཀྲམ་༢༠,༠༠༠ དང་ བཟོ་སྐྲུན་གྱི་ལཱ་ མཇུག་བསྡུ་ཞིནམ་ལས་ ས་ཁོངས་ནང་འཁོད་དང་ ཁྲོམ་ལམ་ སྣུམ་འཁོར་ལམ་ དེ་ལས་ མི་ལམ་ཚུ་ནང་ བཀོག་བཞག་མི་ལུ་ ཉེས་ཆད་དངུལ་ཀྲམ་༡༠,༠༠༠ རེ་བཀལ་ནི་ཨིན་པས།
ཁྲོམ་སྡེ་ལས་འཛིན་གྱི་ རང་བཞིན་གནས་སྟངས་གཙོ་འཛིན་འགོ་དཔོན་ པདྨ་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ འདས་པའི་ཟླཝ་༢ ཀྱི་རིང་ ཕྱགས་སྙིགས་བཀག་དམ་དང་འཛིན་སྐྱོང་བཅའ་ཁྲིམས་སྐོར་ལས་ ལས་རིམ་བཟོ་སྟེ་ རྒྱང་མཐོང་ཊི་བི་ནང་ ཚར་ལེ་ཤ་ཅིག་ གསལ་སྟོན་འབད་ཡོདཔ་མ་ཚད་ རྒྱང་མཐོང་མ་ལྟ་མི་ཚུ་གི་དོན་ལུ་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཁྲོམ་སྡེ་ལས་འཛིན་གྱི་ ལས་འགུལ་འགོ་དཔོན་ བསོད་ནམས་བཀྲིས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ བཅའ་ཁྲིམས་དེ་ ཐིམ་ཕུ་ རྫོང་ཁག་རྐྱངམ་གཅིག་ནང་ ལག་ལེན་འཐབ་ནི་མེན་པར་ རྫོང་ཁག་༢༠ འི ནང་ ཁ་ཙ་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ལས་ དེ་གིས་ ཕྱགས་སྙིགས་འཛིན་སྐྱོང་འབད་ནི་ལུ་ ཕན་ཐོགས་སྦོམ་ཡོད་ཟེར་ཨིན་པས།
པདྨ་རྡོ་རྗེ་གིས་འབད་བ་ཅིན་ ད་ལྟོ་ ཁྲོམ་གྱི་ས་ཁོངས་ཚུ་ནང་ ཕྱགས་སྙིགས་ཞིབ་དཔྱད་འབད་མི་༧ ལས་བརྒལ་མེད་རུང་ གནས་སྐབས་ཀྱི་ ལྟ་རྟོག་འབད་མི་ ལེ་ཤ་བཙུགས་ཡོདཔ་མ་ཚད་ ལས་འཛིན་གྱིས་ ཕྱགས་སྙིགས་བཀོག་མི་ཚུ་གི་ བདེན་ཁུངས་བཀལ་ནིའི་དོན་ལུ་ ས་གནས་ཐདམ་ཐད་ཁ་ལས་ཕར་ པར་བཏབ་ནི་ཨིནམ་མ་ཚད་ སྙན་ཞུ་འབད་མི་ཚུ་ལུ་ ཉེས་ཆད་བཀལ་མི་ལས་ བརྒྱ་ཆ་༥༠ བྱིན་ནི་ཟེར་ སླབ་ཨིན་པས།
ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ ཐིམ་ཕུ་ནང་འཁོད་ཀྱི་སློབ་གྲྭའི་ དབུ་འཛིན་ཚུ་ལུ་བསྐྱལ་མི་ ཡི་གུ་དང་འཁྲིལ་བ་ཅིན་ ཐིམ་ཕུ་རྫོང་ཁག་ནང་ མི་རློབས་བརྒྱ་ཆ་༢༥ སློབ་ཕྲུག་ཚུ་ཨིནམ་ལས་ སློབ་དཔོན་ཚུ་གིས་ བསླབ་བྱ་དང་ ལམ་སྟོན་ དེ་ལས་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོ་བ་ཅིན་ ཉེས་བྱའི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་དགོ་པའི་ཁར་ ལྷ་ཁང་དང་ དགོན་སྡེ་ཚུ་ནང་ ཚེས་བཅུ་མཇལ་བར་འགྱོ་བའི་སྐབས་ལུ་དང་ མཛར་ཅུམ་བཟའ་བར་འགྱོཝ་ད་ ཆུ་ཤོག་ཚུ་ ལག་ལེན་འཐབ་མ་ཆོག་པའི་སྐོར་ལས་ གོ་བརྡ་སྤྲོད་དགོ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment