གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ངེས་བཟུང་མེད་པའི་ ངོ་རྒོལ་འགྲེམ་སྟོན་ལུ་བརྟེན་ འགྲུལ་བསྐྱོད་བཀག་དམ།


ཁ་ཙ་ལས་ ཕུན་ཚོགས་གླིང་གི་ སྒོ་རའི་ཕྱི་ནང་༢ ཆ་ར་ལས་ 
སྣུམ་འཁོར་འགྲུལ་སྐྱོད་བཀག་དམ་འབད་ཡོད་པའི་མཐོང་སྣང་།

ཟླ་༤ པའི་ཚེས་༢༤། ༉ གོར་ཁ་ ཇཱན་མུག་ཏི་ མོར་ཅ་གིས་ ན་གར་ཀ་ཊ་ལུ་ ཞལ་འཛོམས་ཅིག་ འཚོག་དགོ་པའི་ གྲོས་འཆར་བཀོད་མི་དེ་ ནུབ་བེང་གཱལ་ཇཱལ་པའི་གུ་རི་རྫོང་ཁག་བདག་སྐྱོང་གིས་ ངོས་ལེན་འབད་མ་བཏུབ་མི་ལུ་བརྟེན་ ཁ་ཙ་ལས་ འགོ་བཙུགས་ཏེ་ དུ་ཝརམི་དང་ ཊི་རའི་ཁྲོམ་སྡེ་ཆ་མཉམ་གྱི་ནང་ ངེས་བཟུང་མེད་པའི་ ངོ་རྒོལ་འགྲེམ་སྟོན་ཅིག་ འགོ་འདྲེན་འཐབ་ནི་གི་ གསལ་བསྒྲགས་འབད་ནུག།


ཞལ་འཛོམས་དེ་ཡང་ བསམ་རྩེ་དང་ སིབ་སུའི་བར་ན་ ནུབ་བེང་གཱལ་མངའ་འོག་གི་ས་གནས་ ན་གར་ཀ་ཊ་ལུ་ འཚོག་ནི་གི་ གྲོས་འཆར་བཀོད་ཡོདཔ་ཨིན་པས།
ཁ་ཙ་ ཕུན་ཚོགས་གླིང་ལས་ རྒྱ་གར་གྱི་ ས་ཁོངས་བརྒྱུད་དེ་ འབྲུག་གི་ས་གནས་ཁག་སོ་སོའི་ནང་ འགྱོ་ནི་ཨིན་མི་ སྣུམ་འཁོར་ཊག་༢༠ དང་ སྣུམ་འཁོར་ཆུང་བ་༣༠ ལྷགཔ་ཅིག་ ཕུན་ཚོགས་གླིང་ལུ་ ཐོགས་ལུས་པའི་ཤུལ་ལུ་ དུས་ཚོད་ངེས་མེད་ཀྱི་ ལཱ་བཤོལ་ངོ་རྒོལ་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་མི་དང་བསྟུན་ དྲོ་པའི་ཆུ་ཚོད་༦ དེ་ཅིག་ཁར་ སྣུམ་འཁོར་ཚུ་ ལོག་བཏང་ཡོདཔ་ད་ སྤྱི་ཟླ་༤ པའི་ཚེས་༢༢ ལུ་ཡང་ དུས་ཡུན་ཆུ་ཚོད་༡༢ ཀྱི་རིང་ ལཱ་བཤོལ་ངོ་རྒོལ་འབད་དེ་ འགྲུལ་འཁོར་ཚུ་ ཕར་ཚུར་འགྲུལ་བསྐྱོད་འབད་ནི་ཚུ་ བཀག་དམ་འབད་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དུས་ཚོད་ངེས་བཟུང་མེད་པའི་ ངོ་རྒོལ་འགྲེམ་སྟོན་དེ་ གོར་ཁ་ལས་ཚོགས་ཀྱིས་ བཤོལ་མ་བཞག་ཚུན་ཚོད་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་འོང་ཟེར་ཨིནམ་ད་ ངོ་རྒོལ་དེ་ཡང་ བདུན་ཕྲག་༡ དང་༢ དེ་ཅིག་ གནས་སྲིད་ནི་ཨིན་རུང་ དེ་ཚུ་ག་ར་ ལས་ཚོགས་དེ་གི་ གྲོས་ཆོད་དང་འཁྲིལ་ འགྱོ་འོང་ཟེར་ ཀུན་གསལ་ལུ་ གནས་ཚུལ་བཤད་མི་ཅིག་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ དུས་ཅི་ འདས་པའི་ཟླཝ་༤ གི་ནང་འཁོད་ལུ་ ལཱ་བཤོལ་ངོ་རྒོལ་འབད་མི་དེ་ ད་རིས་འབདཝ་ད་ ལན་ཐེངས་༥ འགྱོཝ་ཨིན་ཟེར་ བཤད་པའི་ཁར་ ངོ་རྒོལ་འགྲེམ་སྟོན་གྱི་སྐབས་ལུ་ ཕུན་ཚོགས་གླིང་གི་ སྒོ་ར་ཁ་ལས་ རྒྱ་གར་གྱི་ ས་ཁོངས་ནང་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་མི་བཅུག་ནི་ཨིན་རུང་ མི་ཚུ་ རྐང་ལམ་སྒོ་ར་ལས་ ཇའི་སྒང་ཚུན་ འགྱོ་ཚུགས་ཟེར་ཨིན་པས།
ད་ལྟོ་ ང་བཅས་ཀྱིས་ གཙོ་བོ་ར་ དཔག་བསམ་ཁ་ བཟོ་གྲྭ་འཕྲུལ་ཁང་གི་དོན་ལུ་ རྒྱ་གར་ལས་ རྒྱུ་ཆས་ཚུ་ འབག་འོང་མི་ སྣུམ་འཁོར་ཊག་ཚུ་ ནང་ན་འོང་བཅུགཔ་ཨིན་རུང་ སྣུམ་འཁོར་ཕུད་རྡོག་གཅིག་ཡང་ ཕྱི་ཁར་གཏང་ཐབས་མེད་ཟེར་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལུ་འགྱོ་མི་ ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ ཁ་ཙ་དྲོ་པའི་ཆུ་ཚོད་༤.༣༠ ལས་༦ ཚུན་ཚོད་ ཕུན་ཚོགས་གླིང་གི་ སྒོ་ར་ཁ་ལུ་ བསྒུགས་སྡོད་པའི་ཤུལ་ལས་ དུས་ཚོད་ངེས་བཟུང་མེད་པའི་ ལཱ་བཤོལ་ངོ་རྒོལ་འགྲེམ་སྟོན་ཅིག་ འགོ་འདྲེན་འཐབ་དོ་ཡོད་པའི་ ལོ་རྒྱུས་གོ་བའི་ཁར་ ཁོང་བཟུམ་སྦེ་ མི་མང་འགྲུལ་སྐྱེལ་བཱསི་ཚུ་ཡང་ ལོག་བཏང་ཡི་ཟེར་ཨིནམ་ད་ ང་ བསམ་གྲུབ་ལྗོངས་མཁར་ལུ་ ད་རིས་ར་ ལྷོད་དགོཔ་ཨིན་རུང་ འདི་བཟུམ་མའི་ འགྲུལ་བཀག་ཐོགས་ལུསཔ་ད་ དབུགས་འགམ་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
བྱང་བེང་གཱལ་གྱི་ ས་གནས་ཀྱི་ བརྡ་བརྒྱུད་ཅིག་ནང་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ ཇཱབ་ཅའི་གུ་རི་བདག་སྐྱོང་གིས་ མོར་ཅ་སྡེ་ཚན་ལུ་ ཊི་རའི་དང་ དུ་ཝརསི་ལས་ཨིན་མི་ མའུ་ཟའི་མི་རིགས་ཚུ་ གོར་ཁའི་མངའ་ཁོངས་ཀྱི་ བདག་སྐྱོང་གྲངས་སུ་ བཙུག་དགོ་པའི་ མཁོ་འདོད་ཞལ་འཛོམས་འཚོག་ནི་གི་ གནང་བ་བྱིན་མ་བཏུབ་པའི་ཤུལ་ལུ་ དུས་ཚོད་ངེས་མེད་ཀྱི་ ངོ་རྒོལ་འབད་ནི་གི་ གསལ་བསྒྲགས་འབད་ནུག་ཟེར་ཨིན་པས།
གོར་ཁ་ལས་ཚོགས་ཀྱིས་འབད་བ་ཅིན་ ཁོང་གིས་ གཞུང་གི་ལས་སྣ་ཆ་མཉམ་ལུ་ རྒྱབ་འགལ་འབད་དེ་ འབྲེལ་གཏོགས་མ་འབད་བར་ སྡོད་ནི་དང་ ཇཱལ་པའི་གུ་རི་བདག་སྐྱོང་གིས་ ཁོང་ལུ་ ཞལ་འཛོམས་འཚོག་ནི་གི་ གནང་བ་མ་བྱིན་ཚུན་ཚོད་ ངོ་རྒོལ་འགྲེམ་སྟོན་འབད་ནི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ འབྲུག་གི་སྣུམ་འཁོར་ཚུ་ ཕུན་ཚོགས་གླིང་ལས་ ཕྱི་ཁར་འགྱོ་ནི་ལུ་ ག་དེ་དྲག་དྲག་ འཛེམ་དགོ་པའི་ དྲན་གསལ་འབདཝ་ཨིན་པའི་གནས་ཚུལ།

No comments:

Post a Comment