གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་དང་པའི་ ས་འོག་ཆུ་ལམ་ ཁག་༢ མཐུད་སྦྲེལ་འབད་ཡོདཔ།

བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ ས་འོག་ཆུ་ལམ་ ཁག་༢ མཐུད་སྦྲེལ་འབད་བའི་ རྟེན་འབྲེལ་བརྩི་སྲུང་གི་ གས་རྫས་བཀལ་ནིའི་དོན་ལུ་ ཨེབ་རྟ་ཨེབ་པའི་བསྒང་།
༉ ཁ་ཙ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་དང་པའི་ ས་འོག་ཆུ་ལམ་ ཁག་༢ འབད་བསལ་མི་དེ་ གས་རྫས་བཀལ་ཐོག་ལས་ མཐུད་སྦྲེལ་འབད་བའི་་ རྟེན་འབྲེལ་ནང་ བཅའ་མར་གཏོགས་མི་ཚུ་གིས་ ཉེན་སྲུང་གི་ཞྭམོ་དང་ རྣམ་ཅོག་ཚུ་བསུབ་སྟེ་ ས་དོང་ནང་ འཛུལ་ཡོདཔ་ཨིན་རུང་ གས་རྫས་ཀྱི་སྐད་དང་ རླུང་ཤུགས་འཕུ་མི་ལུ་བརྟེན་ འཇིགས་སྣང་སྦོམ་སྦེ་ར་ལང་ཡི།

སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་དང་པའི་འཛུལ་སྒོ།

རྒྱ་ཚད་ ཌའི་མི་ཊར་༡༠ དང་ རིང་ཚད་ ཀི་ལོ་མི་ཊར་༩ འབད་མི་ ས་འོག་ཆུ་ལམ་དེ་ རྩི་རང་ཁ་ཐུག་ལས་ ཀི་ལོ་མི་ཊར་༧ དང་ཕྱེད་ གེ་མཱོན་དང་ དབང་འདུས་ཁ་ཐུག་ལས་ ཀི་ལོ་མི་ཊར་༡ དང་ཕྱེད་ ཨེལ་ཨེན་ཊི་བཟོ་སྐྲུན་གྱིས་ བསལ་ཡོདཔ་ཨིན་པས།
ས་འོག་ཆུ་དུང་གི་ མཐུད་སྦྲེལ་རྟེན་འབྲེལ་དོན་ལུ་ བཅའ་མར་གཏོགས་མི་ཚུ་གིས་ ཌི་ཟིལ་མར་ཁུ་ལག་ལེན་འཐབ་མི་ སྣུམ་འཁོར་ཚུ་ནང་འཛུལ་ཏེ་ གེ་མཱོན་གྱིས་བསལ་མི་ ལམ་ཕྱོགས་ལས་ ས་དོང་ནང་ འཛུལ་ཡོདཔ་ད་ དེ་བསྒང་ ས་དོང་གི་གུ་ལས་ ཆུ་འཛགས་པའི་ཁར་ སྣུམ་འཁོར་ཚུ་ མེ་བཏེགས་ཏེ་ འགྲུལ་སྐྱོད་འབད་དགོཔ་མ་ཚད་ ས་དོང་གི་ ས་ཁོངས་ལ་ལུ་ཅིག་ནང་ གློག་མེ་བཏེགས་ཡོད་མི་ལུ་བརྟེན་ གནམ་ནུབ་མོ་ ཆར་པའི་ནང་ འགྲུལ་སྐྱོད་འབད་བའི་ སྣང་བ་ཤར་ཡི།
སྤུ་ན་གཙང་ཆུའི་ ལས་འགུལ་དང་པའི་ འཛིན་སྐྱོང་མདོ་ཆེན་ ཨར་ཨེན་ ཁ་ཟཱན་ཅི་གིས་འབད་བ་ཅིན་ ས་དོང་དེ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣,༩༩༩ བཏང་ཡི་ཟེར་ཨིནམ་ད་ ད་རིས་ལས་ ཆུ་མཛོད་ཁང་དང་ གློག་མེ་འཕྲུལ་ཁང་༢ མཐུད་སྦྲེལ་འབད་ཚར་རུང་ ཆུ་ལམ་དེ་གི་དོན་ལུ་ ད་རུང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤༢༢ དེ་ཅིག་ གནས་པའི་ལཱ་ཚུ་ འབད་དགོཔ་ཡོད་ཟེར་སླབ་ཅི།
དེ་མ་ཚད་ ས་དོང་ཚུ་ལུ་ རྩི་ས་ལག་ལེན་འཐབ་སྟེ་ ཁོད་སྙོམས་བཟོ་ནིའི་ལཱ་ཚུ་ཡང་ ཕྱོགས་༢ ཆ་ར་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ཚུན་ལུ་ མི་ཊར་༦༥༠ མཇུག་བསྡུ་ཡོད་མི་དེ་ འཆར་གཞིའི་དུས་ཚོད་དང་འཁྲིལཝ་ད་ ལཱ་གི་གྲུབ་འབྲས་དེ་ མགྱོགས་སུ་སྦེ་ འབད་ཚུགས་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
འཆར་གཞིའི་དུས་ཚོད་དང་ཕྱདཔ་ད་ ལཱ་ཚུ་ ཧེང་མགྱོགས་འགྱོ་བའི་རྟགས་མཚན་ལུ་ ས་དོང་ནང་འཛུལ་སའི་སྒོ་གུ་ དར་ལྗང་ཁུ་ཅིག་ འཕྱར་ཏེ་ཡོདཔ་ད་ འཛིན་སྐྱོང་མདོ་ཆེན་གྱིས་འབད་བ་ཅིན་ ཆུ་ལམ་བསལ་ནིའི་ལཱ་གི་ གྲུབ་འབྲས་ཚུ་ ལེགས་ཤོམ་སྦེ་ འགྱོ་དོ་ཡོདཔ་ལས་ སྤྱི་ལོ་༢༠༡༤ ཟླ་༥ པའི་ནང་ མཇུག་བསྡུ་འོང་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ གློག་མེ་འཕྲུལ་ཁང་གི་ ས་ཁོངས་བཟོ་སྐྲུན་གྱི་ལཱ་དེ་ གོང་ཚད་དངུལ་ཀྲམ་ས་ཡ་༦,༨༨༠ འབད་ ཧིན་དཱསི་ཏཱན་བཟོ་སྐྲུན་ལས་སྡེ་ལུ་ སྤྲོད་ཡོདཔ་བཞིན་དུ་ ལཱ་གི་གྲུབ་འབྲས་ཚུ་ ལེགས་ཤོམ་ཐོན་དོ་ཡོདཔ་ལས་ སྤྱི་ལོ་༢༠༡༥ ཟླ་༡ པའི་ནང་ མཇུག་བསྡུ་ཚུགས་ཟེར་ཨིན་པས།
ཨར་ཨེན་ ཁ་ཟཱན་ཅི་གིས་ སླབ་མིའི་ནང་ གློག་ཤུགས་མེ་ག་ཝཱཊ་༢༠༠ རེ་ ཐོན་སྐྱེད་འབད་ནི་ཨིན་མི་ གློག་མེ་འཕྲུལ་ཨམ་༦ ཡོད་མི་ཚུ་ གནས་གོང་དངུལ་ཀྲམ་ས་ཡ་༡༠,༡༥༣ རེ་འབད་ ཁག་འབགཔ་ལུ་ སྤྲོད་མིའི་ལཱ་ཚུ་ཡང་ འགོ་བཙུགས་ཡོདཔ་ལས་ སྤྱི་ལོ་༢༠༡༥ འི་ ཟླ་༩ པའི་ནང་ བསྒྲུབ་ཚུགས་ཟེར་ཨིན་པས།
དེ་ལས་ གློག་རྒྱུན་བཀྲམ་སྤེལ་གྱི་ལཱ་ཚུ་ཡང་ སྤྱི་ལོ་༢༠༡༤ གི་ ཟླཝ་༩ པའི་ནང་ མཇུག་བསྡུ་ནི་ཨིན་ཟེར་ རྟེན་འབྲེལ་གྱི་སྐབས་ འཛིན་སྐྱོང་མདོ་ཆེན་གྱིས་ གསལ་བཤད་འབད་ཡོདཔ་ཨིན།
འགོ་དཔོན་ཚུ་གིས་འབད་བ་ཅིན་ གནས་གོང་དངུལ་ཀྲམ་ས་ཡ་༡༢,༤༥༥ འབད་མི་ ཆུ་མཛོད་བཟོ་བཀོད་ཀྱི་ལཱ་དེ་ ཨེལ་ཨེན་ཊི་ བཟོ་སྐྲུན་ལས་སྡེ་ལུ་ སྤྲོད་ཡི་ཟེར་ཨིནམ་ད་ གཙང་ཆུའི་གནས་ཚད་ལས་མར་ མི་ཊར་༧༠ བརྐོ་སྟེ་ བཟོ་བཀོད་འབད་མི་ ཆུ་མཛོད་དེ་ ད་ལྟོ་ཚུན་ འགོ་དང་པ་ཨིན་ཟེར་ཨིནམ་ད་ ད་རེས་ ཆུ་མཛོད་ཀྱི་ རྨང་གཞི་བརྐོ་ནིའི་ལཱ་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཆུ་མཛོད་བཟོ་སྐྲུན་གྱི་ལཱ་དེ་ དོ་འགྲན་ཅན་གྱི་ ལཱ་ཚུ་གི་གྲས་ལས་ གཅིག་ཨིན་ཟེར་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༡༦ གི་ ཟླཝ་༦ པའི་ནང་ མཇུག་བསྡུ་དགོཔ་ཨིན་ཟེར་ཨིན་པས།
འཛིན་སྐྱོང་འགོ་དཔོན་གྱིས་ སླབ་མིའི་ནང་ ལས་འགུལ་དེ་གི་དོན་ལུ་ ལོག་སྟེ་ཞིབ་འཚོལ་འབད་མི་དང་འཁྲིལ་ ཧེ་མ་ལས་ ངོས་འཛིན་འབད་བའི་ ཆུ་མཛོད་ཀྱི་ས་ཁོངས་དེ་ ཀི་ལོ་མི་ཊར་༡.༥ སྤོ་བཤུད་འབད་དགོཔ་བྱུང་མི་དང་འཁྲིལ་ གློག་མེ་འཕྲུལ་ཁང་དེ་གིས་ གློག་ཤུགས་མེ་ག་ཝཱཊ་༡,༠༩༥ ཐོན་བསྐྱེད་འབད་དགོཔ་ཨིན་མི་དེ་ འབྲུག་གཞུང་དང་ རྒྱ་གར་གཞུང་༢ ཀྱི་ གནང་བའི་ཐོག་ལས་ མེ་ག་ཝཱཊ་༡,༢༠༠ ལུ་ ཡར་སེང་འབད་ཡོདཔ་སྦེ་ སླབ་ཅི།
བསྒྱུར་བཅོས་དེ་ལུ་བརྟེན་ ཧེ་མ་འབད་བ་ཅིན་ ལས་འགུལ་དེ་གི་དོན་ལུ་ གནས་གོང་དངུལ་ཀྲམ་ས་ཡ་༣༥,༡༤༨ བཀོད་མི་དེ་ དངུལ་ཀྲམ་ས་ཡ་༦༦,༠༠༠ གནས་ནི་གི་ ཚོད་རྩིས་བཏོན་མི་ལས་ དུས་ཅི་ སྤྱི་ཟླ་༣ པ་ཚུན་ དངུལ་ཀྲམ་ས་ཡ་༢༠,༦༠༠ ལག་ལེན་འཐབ་ཚར་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཧེ་མའི་ འཆར་གཞི་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༠༧ ལས་ འགོ་བཙུགས་མི་ ལས་འགུལ་དེ་ ལོ་༧ གྱི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་ཨིན་རུང་ འཆར་གཞིའི་ནང་ བསྒྱུར་བཅོས་འབད་དགོཔ་ ཐོན་མི་ལུ་བརྟེན་ ལོ་༨ ལུ་ ཕར་འགྱངས་འབད་ཡོདཔ་ཨིན་པས།
བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་འབད་བ་ཅིན་ ད་རེས་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ ལས་འགུལ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་དགོཔ་དེ་ གལ་ཆེ་ཟེར་ གསུངས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment