གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་བཞིན་གནས་སྟངས་སྲུང་སྐྱོབ་འབད་མི་དེ་ རྒྱལ་སྤྱིའི་ གནས་ཚད་ནང་ ངོས་འཛིན་འབྱུང་ནི།

ཟླ་༤ པའི་ཚེས་༢༡

༉ དུས་ཅི་ སྤྱི་ཟླ་༦ པའི་ནང་ བཱ་ར་ཟིལ་ རྒྱལ་ཁབ་ཀྱི་ རྒྱལ་ས་ རཱི་བོ་ལུ་ རང་བཞིན་གནས་སྟངས་ཡུན་བརྟན་གྱི་ ཞལ་འཛོམས་འཚོགས་པའི་སྐབས་ འབྲུག་གིས་ སྐྱེ་ལྡན་རིགས་སྣ་ཉམས་སྲུང་འབད་མིའི་ ཁེ་ཕན་ཐོབ་བྱེད་བཀོད་ནི་ལུ་ ཤུགས་བཏོན་ནི་ཨིན་མི་ དེ་ཡང་ དུས་ཅིའི་ཞལ་འཛོམས་ཀྱི་ བརྗོད་དོན་དེ་ རང་བཞིན་ཐོན་སྐྱེད་ ཡུན་བརྟན་གནས་ཐབས་ཀྱི་བརྗོད་དོན་ཐོག་ གསུང་གྲོས་གནང་ནི་ཨིནམ་ལས་ ཞལ་འཛོམས་དེ་ རང་བཞིན་གནས་སྟངས་ལུ་གཙོ་བོར་ བཏོན་ནི་ཨིན་པས།


སྐྱེ་ལྡན་རིགས་སྣ་ཉམས་སྲུང་འབད་དོན་ལུ་ མ་དངུལ་དང་ འཕྲུལ་ཆས་དང་འབྲེལ་བའི་ རྒྱབ་སྐྱོར་གནང་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ འབྲུག་ལུ་ཁེ་ཕན་འབྱུང་ནིའི་གོ་སྐབས་ཡོད་མི་ དེ་ཡང་ ད་ལྟོ་རྒྱལ་ཁབ་ནང་ ནགས་ཚལ་བརྒྱ་ཆ་ལས་༧༤ ཁྱབ་ཡོད་པའི་ཁར་ ནགས་ཚལ་བརྒྱ་ཆ་༢༥ གླིང་ཁ་སྦེ་ འཛིན་སྐྱོང་འཐབ་ཡོད་མིའི་ནང་ རི་དྭགས་སེམས་ཅན་དང་ བྱ་རིགས་ ཤིང་སྣ་ དེ་ལས་ ཆུའི་རིགས་ཚུ་ བདག་འཛིན་འཐབ་ནི་ལུ་ ཕན་ཐབས་ཡོདཔ་ཨིན་པས།
རྒྱལ་སྤྱི་གངས་རི་གོང་འཕེལ་ལྟེ་བའི་ ཡོངས་ཁྱབ་མདོ་ཆེན་བགྲེསཔ་ ཨེན་ཌིསི་གིས་འབད་བ་ཅིན་ འབྲུག་གིས་ ནགས་ཚལ་ལུ་བརྟེན་པའི་ ཁེ་ཕན་ལེན་ཐབས་ལུ་ ཤུགས་བཏོན་དགོ་ཟེར་ཨིནམ་ད་ རྒྱལ་ཁབ་ཀྱི་ནགས་ཚལ་ སྲུང་སྐྱོབ་འབད་ནིའི་ སྲིད་བྱུས་ ལེགས་ཤོམ་ཡོད་པའི་ཁར་ རྒྱལ་ཁབ་གཞན་ཚུ་ལུ་ དཔེ་སྟོན་བཏུབ་པའི་ རང་བཞིན་གནས་སྟངས་དང་ སྐྱེ་ལྡན་རིགས་སྣ་ཚུ་ ཡོདཔ་ལས་ དེ་ཚུ་ ལག་ལེན་འཐབ་དགོ་ཟེར་ཨིན་པས།
རྒྱལ་ཁབ་ནང་ཡོད་པའི་ རང་བཞིན་གནས་སྟངས་དང་འབྲེལ་བའི་ རྒྱུ་དངོས་ཀྱི་སྐོར་ལས་ རྒྱལ་སྤྱིའི་རྒྱལ་ཁབ་ཚུ་ལུ་ སྙན་ཞུ་དང་གསལ་སྟོན་འབད་ཐོག་ལས་ དེའི་ཁེ་ཕན་ མ་དངུལ་སྦེ་ ལེན་ནའི་སྲིད་བྱུས་ བརྩམ་དགོ་ཟེར་ ཨེན་ཌིསི་གིས་ སླབ་ཡོདཔ་ད་ གལ་སྲིད་འདི་བཟུམ་གྱི་ལག་ལེན་མ་འཐབ་པ་ཅིན་ ནགས་ཚལ་ཉམས་སྲུང་འབད་བའི་སྐོར་ རྒྱལ་ཁབ་གཞན་གྱིས་ ཤེས་རྟོགས་བྱུང་མ་ཚུགས་ཟེར་ཨིན་པས།
ནགས་ཚལ་སྲུང་སྐྱོབ་ལུ་བརྟེན་པའི་ སྐྱེ་ལྡན་རིགས་སྣ་ ཉམས་སྲུང་གི་ཕན་ཐོགས་དེ་ འབྲུག་ལུ་རྐྱངམ་གཅིག་མིན་པར་ འཛམ་གླིང་རྒྱལ་ཁབ་ག་རའི་ནང་ ཡོད་ཟེར་ཨིནམ་ད་ ད་རེས་ནངས་པ་ རྒྱལ་ཁབ་ཚུ་གིས་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ བཟོ་གྲྭ་འཕྲུལ་ཁང་སྦོམ་གཞི་བཙུགས་འབད་དེ་ རང་བཞིན་གནས་སྟངས་ལུ་ བཙོག་རླུང་དང་འབྲེལ་བའི་ གནོད་སྐྱོན་ཚུ་ བྱུངམ་ཨིན་ཟེར་ཨིན་པས།
རང་བཞིན་གནས་སྟངས་ལུ་ཤུགས་སྟོན་མིའི་ རྒྱལ་ཁབ་ཚུ་ ཡར་རྒྱས་མགྱོགས་དྲགས་སྦེ་ གཏང་མི་ཚུགསཔ་ལས་ རྒྱལ་ཁབ་མང་ཤོས་ཅིག་གིས་ རང་བཞིན་གནས་སྟངས་ཉམས་སྲུང་འབད་ནི་ལུ་ སྤྲོ་བ་མི་བསྐྱེདཔ་ཨིན་པས།
ཡོངས་ཁྱབ་མདོ་ཆེན་བགྲེསཔ་གིས་འབད་བ་ཅིན་ འབྲུག་རྒྱལ་ཁབ་ཀྱིས་ བཟོ་གྲྭ་འཕྲུལ་ཁང་ལུ་བརྟེན་ གོང་འཕེལ་གཏང་མི་ཚུགས་ནི་ཨིན་མི་ དེ་ཡང་ བཟོ་གྲྭ་ཚུ་ ཁྱིམ་ཚང་རྒྱལ་ཁབ་ སྦོམ་ཤོས་གཉིས་དང་གཅིག་ཁར་ དོ་འགྲན་འབད་དགོཔ་ལས་ འོས་འབབ་མིན་འདུག་ཟེར་ཨིན་པས།
རྒྱལ་ཁབ་གོང་འཕེལ་གཏང་ནི་ལུ་ འོས་འབབ་ལྡན་པའི་ནགས་ཚལ་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་སྟེ་ དེ་དང་འབྲེལ་བའི་རྒྱུ་ནོར་ ཆུ་དང་གླིང་ཁ་ལུ་བརྟེན་ མ་དངུལ་བཟོ་བ་ཅིན་ ལེགས་ཤོམ་འོང་ཟེར་ཨིན་པས།
ཆུ་ལུ་བརྟེན་པའི་འོང་འབབ་དེ་ གནམ་འབྱ་གི་སྐབས་ ཆུ་གསོག་འཇོག་འབད་བཞག་སྟེ་ གནམ་དགུན་ རྒྱ་གར་ལུ་བཙོང་པ་ཅིན་ འོང་འབབ་བཟོ་ཚུགས་ཟེར་ཨིནམ་ད་ ཨཱེན་ཌིས་ཀྱིས་འབད་བ་ཅིན་ རྒྱ་གར་ལུ་ གནམ་དགུན་ འཐུང་ཆུ་མ་ལང་པའི་དཀའ་ངལ་གྱིས་ མི་བརྒྱ་ལས་བཅད་དེ་ ཤི་རྐྱེན་བྱུངམ་ཨིན་ཟེར་ཨིན་པས།
གླིང་ཁའི་ཐོག་ལས་འབད་བ་ཅིན་ ལྟ་བཤལ་ག་དེ་མང་མང་ རྒྱལ་ཁབ་ནང་འོང་བཅུག་ཐབས་འབད་ཞིནམ་ལས་ ཁྲལ་དང་འཐུས་བསྡུ་ལེན་ལུ་བརྟེན་པའི་ མ་དངུལ་བཟོ་ནིའི་གོ་སྐབས་ཡོདཔ་བཞིན་དུ་ རཱི་བོ་ལུ་ ཞལ་འཛོམས་འཚོག་པའི་སྐབས་ རྒྱལ་སྤྱི་གངས་རི་གོང་འཕེལ་ལྟེ་བ་གིས་ གསུང་གྲོས་གནང་ནི་ ཨིན་མིའི་ནང་ རྒྱབ་སྐྱོར་ འབད་ནི་ཟེར་ཨིན་པས།
རང་བཞིན་གནས་སྟངས་མཁས་མཆོག་ ཡེ་ཤེས་དཔལ་འབྱོར་གྱིས་འབད་བ་ཅིན་ རྒྱལ་སྤྱི་གངས་རི་གོང་འཕེལ་ལྟེ་བ་དེ་ ཨེ་ཤི་ཡ་ལུང་ཕྱོགས་ནང་ མི་སྟོབས་དང་ མཁས་མཆོག་གི་ རྒྱབ་སྐྱོར་འབད་མི་ཅིག་ཨིནམ་ལས་ ཁོང་གིས་ རྒྱབ་སྐྱོར་འབད་བ་ཅིན་ རྒྱལ་ཁབ་ཀྱི་ རང་བཞིན་གནས་སྟངས་ སྲུང་སྐྱོབ་འབད་མི་དེ་ ཁེ་ཕན་ཅན་ལུ་འགྱུར་ནིའི་ གོ་སྐབས་འདུག་ཟེར་ཨིནམ་དང་ རང་བཞིན་གནས་སྟངས་དང་ཡུན་བརྟན་གོང་འཕེལ་གྱི་ ཞལ་འཛོམས་དེ་ སྤྱི་ཟླ་༦ པའི་ཚེས་༢༠ ལས་ འགོ་བཙུག་ནི་ ཨིན་པའི་གནས་ཚུལ། 

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment