གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱབས་རྗེ་མཆོག་ བདུན་ཕྲག་འདི་ནང་ ཆོས་དོན་གཟིགས་སྐོར་ལས་ ལོག་ཕེབས་གནང་ནི།



སྤྱི་ཟླ་༣ པའི་ནང་ སྐྱབས་རྗེ་རྗེ་མཁན་མཆོག་གིས་ 
དགེ་བསྙེན་གྱི་སྐུ་འདྲ་ལུ་ རབ་གནས་གནང་པའི་བསྒང་།
ཟླ་༤ པའི་ཚེས་༢༣། ༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ ཟླ་ངོ་ཕྱེད་དང་༢ ལྷགཔ་ཅིག་གི་རིང་ ཆོས་དོན་གཟིགས་སྐོར་གནང་པའི་ཤུལ་ལུ་ བདུན་ཕྲག་འདི་ནང་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ ལོག་ཕེབས་གནང་ནི་ཨིན་པས།


འདས་པའི་ཉིན་གྲངས་༤༠ འི་རིང་ལུ་ ཆོས་དོན་གཟིགས་སྐོར་གནང་པའི་སྐབས་ ཆུ་ཁ་དང་ ཀྲོང་གསར་ གཞལམ་སྒང་ དགེ་ལེགས་ཕུག་ བཀྲིས་སྒང་ བཀྲིས་གཡང་རྩེ་རྫོང་ཁག་ཚུ་ནང་ སྨོན་ལམ་ཆེན་མོ་གནང་ཡོདཔ་ཨིན་པས།
སྐྱབས་རྗེ་མཆོག་གིས་ རང་ཟླ་༡ པའི་ཚེས་༡༥ ལུ་ སྤུ་ན་ཁ་ལས་ ཆུ་ཁ་ལུ་བྱོན་ཏེ་ ཚེས་༡༦ ལུ་ ཆུ་ཁ་དངོས་གྲུབ་རྩེ་རྫོང་གསར་བཞེངས་བསྒྲུབས་པའི་ རབ་གནས་གནང་པའི་ཤུལ་ལུ་ ཀྲོང་གསར་རྫོང་ནང་ ཉིནམ་༥ འི་རིང་ སྨོན་ལམ་ཆེན་མོའི་ དབུ་བཞུགས་མཛད་གནང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ གཞལམ་སྒང་ ལོ་བསྟར་གྱི་སྨོན་ལམ་ཆེན་མོའི་ནང་ དབུ་བཞུགས་མཛད་གནང་བའི་ཁར་ དགེ་ལེགས་ཕུག་ལུ་ ཆིབས་བསྐྱོད་གནང་ཐོག་ལས་ ས་གནས་ཕུ་ལ་ཧ་རི་ལུ་ མཆོད་རྟེན་གསར་བཞེངས་ཀྱི་ རབ་གནས་དང་ དགེ་བསྙེན་གནས་ཁང་ནང་ ཆིབས་རྟ་དང་བཅས་པའི་ དགེ་བསྙེན་གྱི་སྐུ་འདྲའི་ རབ་གནས་གནངམ་མ་ཚད་ བདེ་ཆེན་ལྷུན་གྲུབ་དཔལ་རི་ལུ་ ཉིན་གྲངས་༧ གྱི་རིང་ ས་འདུལ་བྱིན་རླབས་ སྤྱན་རས་གཟིགས་༥ འི་སྒྲུབ་ཆེན་ཚུ་ཡང་ གནང་ཡོདཔ་ཨིན་པས།
སྐྱབས་རྗེ་མཆོག་གིས་ བསམ་གྲུབ་ལྗོངས་མཁར་ལུ་ཕེབས་ཏེ་ བསམ་གྲུབ་ལྗོངས་མཁར་ འབྲིང་རིམ་སློབ་གྲྭ་གོང་མའི་ནང་ སློབ་ཕྲུག་དང་ སློབ་དཔོན་ཚུ་ལུ་ སྐྱབས་འགྲོ་དང་ བཛྲ་གུ་རུ་ མ་ཎི་ རྡོར་སེམས་ཀྱི་ལྗགས་ལུང་ཚུ་གནང་པའི་ཁར་ ཕམ་དང་ བུཚུ་ དེ་ལས་ སློབ་དཔོན་དང་ སློབ་ཕྲུག་གི་བར་ནའི་ ཐ་དང་དམ་ཚིག་ལུ་ བརྩི་བཀུར་འབད་དགོ་པའི་སྐོར་ལས་ བཀའ་སློབ་ཚུ་ རྒྱས་པར་སྦེ་གནང་ནུག།
བསམ་གྲུབ་ལྗོངས་མཁར་ལས་ བཀྲ་ཤིས་སྒང་ལུ་ཆིབས་བསྐྱོད་གནང་བའི་ལམ་ཁར་ བདེ་བ་ཐང་ལུ་ཕེབས་ད་ བདེ་བ་ཐང་སློབ་གྲྭ་ཆེ་བ་གསརཔ་རྐྱབ་སའི་ས་ཁོངས་ནང་ ས་བཅུད་བུམ་གཏེར་བཙུགས་གནང་ནུག།
སྐྱབས་རྗེ་མཆོག་གིས་ ཉིནམ་༥ གི་རིང་ བཀྲ་ཤིས་སྒང་གི་ སྨོན་ལམ་ཆེན་མོ་ དབུ་འཛུགས་གནང་ཡོདཔ་ད་ དེ་གི་ཤུལ་ལུ་ བཀྲ་ཤིས་གཡང་རྩེ་ལུ་བྱོན་པའི་ལམ་ཁར་ སྒོམ་ཕུ་སྐོར་རའི་ ཤར་ཕྱོགས་ལུང་ཕྱོགས་ཀྱི་ ནང་པའི་རྩིས་ཀྱི་ སློབ་སྦྱོང་ཁང་གི་སློབ་ཕྲུག་ཚུ་ལུ་ ལག་ཁྱེར་དང་ ཐུགས་སྨོན་ཚུ་ཡང་ གནང་ཡི།
བཀྲ་ཤིས་གཡང་རྩེ་མཆོད་རྟེན་སྐོར་ར་ལུ་ ལོ་བསྟར་སྨོན་ལམ་ཆེན་མོ་ཐེངས་༩ པའི་ནང་ དབུ་བཞུགས་མཛད་གནང་མི་དང་འབྲེལ་ ཚེ་དཔག་མེད་ཁྲོ་བོའི་དབང་གནང་ཐོག་ལས་ གྲོལ་གནང་ཡོདཔ་ཨིན་པས།
སྐྱབས་རྗེ་མཆོག་གིས་ སྤྱི་ཟླ་༤ པའི་ཚེས་༢༡ ལུ་ མོང་སྒར་ལུ་ཕེབས་ཏེ་ བཛྲ་གུ་རུ་དུང་སྒྲུབ་ཀྱི་ དབུ་བཞུགས་གནང་ཡོདཔ་མ་ཚད་ ཁ་ཙ་དྲོ་པ་ དད་ཅན་སྐྱ་སེར་ཕོ་མོ་ སྟོང་ཕྲག་༡༠ ལྷགཔ་ཅིག་ལུ་ དངོས་གྲུབ་བླངས་དབང་དང་ གཏེར་སྟོན་པདྨ་གླིང་པའི་གཏེར་ གུ་རུ་རིན་པོ་ཆེ་མཆོག་གི་ཐུགས་ རྡོ་རྗེ་རྩེ་དགུའི་རྟེན་དབང་ཚུ་ གནང་ཡི།
སྐྱབས་རྗེ་མཆོག་གིས་ ཨའུ་མཚོ་རྣམ་གྲོལ་གླིང་དགོན་པ་ལུ་ ཉིནམ་༣ གྱི་རིང་ ཚེ་དཔག་མེད་ཀྱི་ ལྷ་འབུམ་གཅིག་གི་ ཚོགས་འབུམ་གནང་ཐོག་ལས་ སྤུངས་ཐང་བདེ་བ་ཆེན་པོའི་ ཕོ་བྲང་ནང་ ལོག་ཕེབས་ནི་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment