གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ལོ་༡༩༡༤ ལས་འགོ་བཙུགས་མི་ དེང་སང་ཤེས་རིག་ནང་ལེགས་བསྒྱུར།

སྤྱི་ཟླ་༥ པའི་ཚེས་༢ ལས་འགོ་བཙུགས་ ལོ་ངོ་༡ གི་རིང་ ཤེས་རིག་བརྒྱ་འཁོར་བརྩི་སྲུང་འབད་ནི་ཨིན་པས།

ཟླ་༤ པའི་ཚེས་༢༨


སྤྱི་ལོ་༡༩༣༠ སོ་གྲངས་ལུ་ ཧཱ་གི་སློབ་ཕྲུག་ཚུ་གིས་ བང་རྒྱུག་ནང་ བཅའ་མར་གཏོགས་པའི་བསྒང་།
༉ འབྲུག་རྒྱལ་ཁབ་ནང་ སྤྱི་ལོ་༡༩༡༤ ཚུན་ཚོད་ དགེ་འདུན་སློབ་གྲྭ་ཚུ་ནང་ ནང་པའི་ཤེས་ཡོན་ལྷབ་ནི་ཡོདཔ་མ་གཏོགས་ དེང་སང་གི་ ཤེས་ཡོན་ལམ་ལུགས་མེད་པའི་ཁར་ དབུ་ཁྲིདཔ་ཚུ་གིས་གཙོས་པའི་ ཕྱི་སྐད་ཨིང་ལིཤ་མཁྱེན་མི་ཡང་ རེ་གཉིས་ལས་བརྒལ་མེདཔ་ཨིན་པས།

ད་རེས་ནངས་པའི་ ཧཱ་གི་སློབ་ཕྲུག་ཚུ།
འབྲས་ལྗོངས་(སི་ཀིམ་)ལུ་ བི་རི་ཊིཤ་གི་ སྲིད་དོན་འགོ་དཔོན་ དམག་སྲིད་ཇེ་ཨེལ་ཨར་ ཝེ་ཡར་གྱི་ བཟའ་ཚང་འཐུས་མི་ཅིག་གིས་ སྤྱི་ལོ་༡༩༣༢ ལུ་ མཛོག་ཁྱད་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ ཧཱ་སློབ་གྲྭའི་སློབ་ཕྲུག་ཚུ་ལུ་ གསོལ་རས་བྱིན་པའི་བསྒང་།

ཨིན་རུང་ ནང་པའི་ཤེས་ཡོན་རྐྱངམ་གཅིག་གིས་ འབྲུག་རྒྱལ་ཁབ་གྱི་ རང་བཙན་དང་ གཞུང་སྐྱོང་ལུ་ ཕན་ཁྱད་བྱུང་མི་ཚུགས་ནི་མས་ཟེར་ ཐུགས་བཞེད་གནང་སྟེ་ བརྒྱུད་འཛིན་གྱི་རྒྱལཔོ་དང་པ་ གོང་ས་ཨྱོན་དབང་ཕྱུག་མཆོག་དང་ རྒྱ་གར་ཀ་ལི་ཕུ་ལུ་ཡོད་པའི་ འབྲུག་གི་ངོ་ཚབ་ ཀ་ཟི་ཨྱོན་རྡོ་རྗེ་གཉིས་ཀྱིས་ འབྲུག་གི་མི་སྡེ་ལེགས་ལམ་ལུ་ སོར་བསྒྱུར་འབད་ནིའི་དོན་ལུ་ དེང་སང་ཤེས་ཡོན་ འགོ་བཙུག་ནི་སྦེ་ ཐུགས་ཐག་བཅད་གནང་ནུག།
དེ་ཡང་ སྤྱི་ལོ་༡༩༡༤ ལུ་ འབྲུག་ཡུལ་གྱིས་ ནུབ་ཕྱོགས་རྫོང་ཁག་ ཧཱ་ལུ་ དེང་སང་ཤེས་ཡོན་འགོ་དང་པ་ གཞི་བཙུགས་འབད་བའི་སྐབས་ལུ་ སློབ་ཕྲུག་བུཚ་༤༦ གིས་ སློབ་གྲྭ་ནང་འཛུལ་ཏེ་ ཤེས་ཡོན་ལྷབ་ཡོདཔ་ཨིན་པས།
དེ་འབདཝ་ད་ ཧཱ་ལུང་གཤོང་ནང་ སློབ་གྲྭ་དང་པ་དེ་ ག་ཏེ་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་ན་ ས་གོ་ངོ་མ་ ངོས་འཛིན་འབད་ཚུགས་པའི་ཤུལ་དང་ པར་ ཡང་ཅིན་ ཡིག་ཐོ་ག་ནི་ཡང་མེདཔ་ཨིན་རུང་ རྒན་རྒས་ཚུ་གི་ ངག་རྒྱུན་ལོ་རྒྱུས་དང་འཁྲིལཝ་ད་ ད་རེས་ནངས་པ་ རྒྱ་གར་གྱི་ དམག་སྦྱོང་ལྟེ་བ་ ཨིམ་ཊཱཊ་གི་ མཛོད་ཁང་དང་ ཚོང་ཁང་སྦེ་ ལག་ལེན་འཐབ་མི་ རྩི་སའི་སྒྲིང་ཁྱིམ་ དེ་ལས་ གནས་སྐབས་ཁྱིམ་ཚུ་གིས་ གང་ཡོད་མི་ དབང་ཕྱུག་བློ་རྫོང་གི་འོག་ལུ་ ཆགས་ཡོདཔ་འོང་ནི་མས་ཟེར་ ཚུལ་འཛིན་འབདཝ་ཨིན་མས།
དེ་བསྒང་ སློབ་ཕྲུག་བུཚ་ཚུ་གིས་ ཧཱ་ལུ་ ཟླཝ་༦ དང་ ཀ་ལི་ཕུ་ སུ་མི་ཟེར་མི་ ཨིསི་ཀོ་ཊིཤ་མི་ཤཱན་སློབ་ཁང་ནང་ ཟླཝ་༦ རེ་དཔེ་ཆ་ལྷབ་ཡོདཔ་ད་ སློབ་ཕྲུག་ཚུ་ ཧཱ་ལས་ ཆུམ་སྦིས་ལུང་གཤོང་དང་ འབྲས་ལྗོངས་(སི་ཀིམ)བརྒྱུད་དེ་ ཀ་ལི་ཕུ་ལུ་ ཉིན་གྲངས་༨ ཀྱི་རིང་ རྐང་སྟོང་སྦེ་ འགྱོ་དགོཔ་བྱུང་ནུག་ཟེར་ ཧཱ་རྫོང་ཁག་ཤེས་རིག་འགོ་དཔོན་ ཚེ་རིང་དངོས་གྲུབ་ཀྱིས་ སླབ་ཨིན་པས།
འབྲུག་ལུ་ དེང་སང་ཤེས་ཡོན་གྱི་ རྒྱབ་ཁུངས་སྐོར་ལས་ ཞིབ་འཚོལ་གནང་བཞིན་དུ་ཡོད་མི་དང་ སློབ་ཕྲུག་༤༦ འབད་མི་ སྡེ་ཚན་དང་པའི་ནང་ ཁོ་རའི་ཡབ་ཡང་ཡོད་མི་ མངོན་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ རྒྱལ་རབས་དང་པ་ ཨྱོན་དབང་ཕྱུག་མཆོག་ བོད་དང་ བི་རི་ཊིཤ་གི་འོག་ལུ་ཡོད་པའི་ རྒྱ་གར་གྱི་བར་ན་ བདེ་སྒྲིག་གྲོས་བསྡུར་གྱི་དོན་ལུ་ དམག་སྲིད་ཡོང་ཧཱསི་བེནཌ་དང་གཅིག་ཁར་ བོད་གངས་ལྗོངས་ལུ་ བྱོན་པའི་སྐབས་ དོར་ཁ་སྒྱུར་མི་ཚུ་ལུ་ བརྟེན་དགོ་ནི་དེ་གིས་ བྱ་སྟབས་མ་བདེཝ་ལེ་ཤ་ ཡོདཔ་གཟིགས་ཡོདཔ་ལས་ དེང་སང་ཤེས་ཡོན་དེ་ མཁོ་གལ་ཆེཝ་སྦེ་ ཐུགས་བཞེད་གནང་ནུག་ཟེར་ཨིན་པས།
འབྲུག་གི་སློབ་གྲྭ་འགོ་དང་པ་ར་ ཧཱ་ལུ་ གཞི་བཙུགས་གནང་དགོ་པའི་ གནད་དོན་ག་ཅི་ཨིན་ན་ ག་གིས་ཡང་ ཏན་ཏན་སྦེ་ བཤད་ནི་མེད་རུང་ དེ་བསྒང་ ཀ་ཟི་ཨྱོན་རྡོ་རྗེ་དེ་ ཧཱ་དྲུང་ཡང་ཨིན་པའི་ཁར་ སྡེ་ཚན་དང་པའི་ནང་ སློབ་ཕྲུག་༢༠ དེ་ཅིག་ ཧཱ་ལས་ཨིནམ་ད་ དེ་སྦེ་བལྟ་བ་ཅིན་ ཧཱ་དེ་ ཀ་ལི་ཕུ་དང་ ཐག་ཉེ་ནི་དེ་གིས་ ཨིནམ་འོང་ནི་བཟུམ་ཅིག་འདུག་ཟེར་ རྫོང་ཁག་ཤེས་རིག་འགོ་དཔོན་ བསོད་ནམས་བསྟན་འཛིན་གྱིས་ སླབ་ཨིན་པས།
སྡེ་ཚན་དང་པའི་ སློབ་ཕྲུག་ཚུ་ ཕམ་འབྱོར་པ་དང་ལྡན་མིའི་ ཨ་ལུ་དང་ ཡང་ཅིན་ ཐོན་སྐྱེད་ཆེ་བའི་ ལུང་གཤོང་ཚུ་ནང་ལས་མེན་པས།
ངེ་གི་ཨ་པ་ལས་འགོ་བཟུང་ སྤྱི་ལོ་༡༩༡༤ གི་སྡེ་ཚན་ནང་ཡོད་མི་ སློབ་ཕྲུག་མང་ཤོས་ཀྱིས་ར་ ཁོང་ཆ་ཁྱབ་ འཐུ་བར་འོང་མི་ཚུ་ལུ་ ནང་གསུག་རྐྱབ་ནི་གི་ རྒྱུ་དངུལ་ག་ནི་ཡང་མེད་པའི་ ཕམ་ཉམ་ཆུང་གི་ ཨ་ལུ་ཚུ་ཨིན་པས་ཟེར་ ཁྲིམས་སྤྱི་བློན་པོ་གིས་ གསུངསམ་ཨིན་པས།
སློབ་ཕྲུག་ཚུ་ དང་པ་ར་ ཧཱ་ལས་ གདམ་འཐུ་འབད་བའི་ཤུལ་ལུ་ པདྨ་དགའ་ཚལ་གྱི་ མཐའ་ཟུར་གཡུས་ཚན་ ལྕོང་ཤིང་དང་ གདུང་མིན་ རྩེ་བར་ མཁར་ཚུ་ལས་ འཐུ་ཡོདཔ་ད་ གདུང་མིན་གཡུས་ཚན་ལས་ ཁྲིམས་སྤྱི་བློན་པོའི་ཨ་པ་ བ་བུ་བཀྲིས་རྐྱངམ་གཅིག་ གདམ་འཐུ་འབད་ཡོདཔ་ཨིན་པས།
སློབ་གྲྭ་དང་པའི་ སློབ་ཕྲུག་ཚུ་གིས་ སློབ་རིམ་༦ པ་ཚུན་ཚོད་ ཆོས་ཚན་ཧིན་དི་དང་ སཱནམི་ཀི་རིཊ་ལྷབ་པའི་ཤུལ་ལུ་ སློབ་རིམ་༧ པ་ལས་ ཨིང་ལིཤ་ལྷབ་ནི་དེ་གིས་ སྡེ་ཚན་དང་པའི་ སློབ་ཕྲུག་ཚུ་ རྫོང་ཁ་དང་ ཨིང་ལིཤ་ ཧིན་དིའི་སྐད་རིགས་གསུམ་ཆ་རའི་ནང་ ཁ་སླབ་མཁས་དྲགས་ཡོད་རུང་ བདེ་སྒྲིག་གྲོས་བསྡུར་ཚུ་དང་ ཐ་ན་ སྤྱི་ལོ་༡༩༤༩ ལུ་རྒྱ་འབྲུག་གི་བར་ན་ ཆིངས་ཡིག་བཀོད་མིའི་ནང་ སྡེ་ཚན་དེ་གི་ སློབ་ཕྲུག་ཕུད་རྡོག་གཅིག་ཡང་ འབྲེལ་གཏོགས་འབད་ཡོད་པའི་ གནས་ཐོ་མེདཔ་ཨིན་པས།
ཧཱ་གི་སློབ་གྲྭ་དེ་ དབང་ཕྱུག་བློ་རྫོང་གི་ ས་གནས་ལས་ ད་རེས་ནངས་པ་ བསྟན་སྲུང་དམག་མི་ཚུ་གི་ སྡོད་གནས་སྦེ་ ལག་ལེན་འཐབ་མི་ ས་ཁོངས་ནང་ སྤོ་བཤུད་འབད་ཡོདཔ་ད་ དེ་གི་ཤུལ་ལས་ ད་ལྟོ་ཡོད་པའི་ ཨྱོན་རྡོ་རྗེ་འབྲིང་རིམ་སློབ་གྲྭ་གོང་མའི་ ས་ཁོངས་ནང་ སྤོ་བཤུད་འབད་ནུག།

སློབ་གྲྭ་གཉིས་པ།

དེ་ལས་ ལོ་༡ གི་རྒྱབ་ལས་ འབྲུག་རྒྱལ་དང་པ་མཆོག་གིས་ བརྒྱུད་འཛིན་གྱི་རྒྱལ་སྲས་ འཇིགས་མེད་དབང་ཕྱུག་གི་དོན་ལས་ བུམ་ཐང་བླ་མའི་དགོན་པ་ལུ་ སྤྱི་ལོ་༡༩༡༥ ལུ་ སློབ་གྲྭ་༢ པ་ གཞི་བཙུགས་གནང་ཡོདཔ་ད་ དེ་བསྒང་ བརྒྱུད་འཛིན་རྒྱལ་སྲས་དང་ དཔེ་ཆ་ལྷབ་མི་ བུམ་ཐང་ལུང་གཤོང་ནང་ལས་ སློབ་ཕྲུག་༡༥ ཡོདཔ་ཨིན་པས།
སྤྱི་ལོ་༡༩༢༣ ལུ་ བུམ་ཐང་སློབ་གྲྭ་གིས་ སྡེ་ཚན་༢ པའི་སློབ་ཕྲུག་ཚུ་ ལྷུན་རྩེ་ལས་ ལེན་པའི་སྐབས་ སྡེ་ཚན་དང་པའི་ སློབ་ཕྲུག་དག་པ་ཅིག་ སློབ་གྲྭ་ལས་ ཐོན་སོང་ཡོདཔ་བཟུམ་ཡོད་མི་དེ་ཡང་ སྤྱི་ལོ་༡༩༢༡ གི་ པར་ལུ་བལྟཝ་ད་ སློབ་ཕྲུག་༤༦ ལས་༢༡ མ་གཏོགས་མིན་འདུག།
དེ་བསྒང་ལས་ བ་བུ་བཀྲིས་དེ་ སློབ་དཔོན་སློབ་སྦྱོང་འབད་ཚར་ཏེ་ རྒྱལ་ཁབ་ནང་ ལོག་འོང་ཞིནམ་ལས་ བུམ་ཐང་ལུ་ སྡེ་ཚན་༢ པ་དང་༣ པ་ དེ་ལས་༤ པའི་སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་ཡོདཔ་ད་ དེ་བསྒང་ སློབ་ཕྲུག་༡ འབྲུག་རྒྱལ་གསུམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ཨིན་པས།
སློབ་གྲྭ་དེ་ནང་ལྷབ་མི་སློབ་ཕྲུག་ ཡུདཔ་ཅིག་ཆ་མཉམ་ར་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཚུ་ནང་སོང་སྟེ་ སློབ་གྲྭ་ཚུ་ གོ་རིམ་བཞིན་དུ་ སྒོ་ཕྱེ་ནུག་ཟེར་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ཀྱིས་ གསུངསམ་ཨིན་པས།

སློབ་གྲྭ་་གོ་ཚུ་ རིམ་བཞིན་དུ་ འགོ་བཙུགས་ཡོདཔ།

ཁོང་གིས་ སྤྱི་ལོ་༡༩༥༢ ལུ་ སྤ་རོ་དང་ ཐིམ་ཕུ་ དབང་འདུས་ཕོ་བྲང་ལུ་ སློབ་གྲྭ་ཚུ་ སྒོ་ཕྱེ་ཡོདཔ་བཞིན་དུ་ ལོ་དེ་ནང་ བ་བུ་བཀྲིས་ཀྱི་སློབ་ཕྲུག་ སློབ་དཔོན་མཁར་པ་དང་ དྲགོས་ཀརྨ་གིས་ བཀྲིས་སྒང་རོང་ཐུང་དང་ སྦིས་གདུང་ བར་མཚམས་ལུ་ སློབ་གྲྭ་ཚུ་ འགོ་བཙུགས་ནུག།
ཁོང་གི་ལཱ་ཚུ་ལུ་བརྟེན་ རྒྱལ་ཁབ་ཀྱི་ མི་སྟོབས་འཆར་གཞི་ལུ་ ཕན་ཁྱད་བྱུང་ཡོདཔ་མ་ཚད་ དེ་བསྒང་ལས་ འབྲུག་རྒྱལ་གཉིས་པ་ གསེར་ཁྲི་མངའ་གསོལ་མཛད་པའི་ཁར་ ར་ཇཱ་སྟོབས་རྒྱས་རྡོ་རྗེ་གིས་ ཁོ་རའི་ཡབ་ ཀ་ཟི་ཨྱོན་རྡོ་རྗེའི་ རྗེས་ཤུལ་བཟུང་ཡོདཔ་ཨིན་པས།
དེ་བསྒང་ འབྲུག་ལུ་ ནགས་ཚལ་འགོ་དཔོན་གྱི་ སྦྱོང་བརྡར་འབད་ཚར་མི་༡༨ དང་ སློབ་དཔོན་༢ སྨན་བཅོས་ཌོག་ཊར་༢ ས་གཏེར་གྱི་འཕྲུལ་རིག་པ་༢ ས་འཇལ་པ་༢ ཡོདཔ་ཨིན་པས།
འགོ་ཐོག་སྐབས་ སློབ་ཕྲུག་ཚུ་ གཞུང་གིས་སྦེ་ ཤེས་ཡོན་ལྷབ་བཅུག་མི་དེ་ རྩ་བ་གསུམ་ལུ་ ཕྱག་ཞུ་ནིའི་དོན་ལུ་ཨིན་རུང་ ད་རེས་ནངས་པ་ གནས་སྟངས་དེ་ བསྒྱུར་བཅོས་ཡར་སོ་ཡི་ཟེར་ ཁྲིམས་སྤྱི་བློན་པོ་གིས་ གསུངསམ་ཨིན་པས།
སྤྱི་ལོ་༡༩༥༠ ང་གྲངས་ལུ་ ཤེས་རིག་གི་ ལེགས་བསྒྱུར་༣ པ་བྱུང་མིའི་ནང་ སྤྱི་ལོ་༡༩༥༥/༡༩༥༦ ལུ་ བསམ་རྩེ་རྡོ་རོ་ཁ་ལུ་ སློབ་གྲྭ་ཅིག་ སྒོ་ཕྱེ་ཡོདཔ་མ་ཚད་ ལོ་དེ་ནང་ར་ བདེ་བ་ཐང་ལུ་ ཡི་ཤུའི་སྒེར་གྱི་ སློབ་གྲྭ་ཅིག་ སྒོ་ཕྱེ་ཡོདཔ་ད་ སྤྱི་ལོ་༡༩༥༨ ལུ་ བ་བུ་བཀྲིས་ཀྱིས་ པདྨ་དགའ་ཚལ་ལུ་ གཡུ་རུང་སློབ་གྲྭ་དེ་ འགོ་བཙུགས་ནུག།
ཞིབ་འཇུག་འབད་མི་ཚུ་གིས་ སླབ་མིའི་ནང་ མ་གཞི་ འབྲུག་གིས་ སློབ་ཕྲུག་ཚུ་ ཤེས་ཡོན་ལྷབ་པར་ རྒྱ་གར་ལུ་ འཕྲོ་མཐུད་དེ་ར་ བཏང་ཡོད་རུང་ རྒྱལ་ཁབ་ནང་གི་ སློབ་གྲྭ་ཚུ་ལུ་ གཙོ་རིམ་བྱིན་ཡོདཔ་མ་ཚད་ སློབ་ཕྲུག་ཚུ་ ས་འཇལ་མི་དང་ ལྟ་བཀོདཔ་ རླུང་འཕྲིན་ལག་ལེན་པ་ དེ་ལས་ ཆར་ཚད་འཇལ་ཆས་ལྷག་མི་སྦེ་ ལཱ་འབད་བཅུག་ཡོདཔ་ད་ ཤུལ་ལས་ ཁོང་ཆ་ཁྱབ་ དམག་སྦྱོང་ནང་ བཏང་ཞིནམ་ལས་ བདག་སྐྱོང་དང་འབྲེལ་བའི་ ཤེས་ཡོན་ཚུ་ ལྷབ་སྦྱངས་འབད་ནུག།
ས་གནས་ཐདམ་ཐད་ཁ་ལས་ཕར་ སློབ་གྲྭ་གཞི་བཙུགས།

སྤྱི་ལོ་༡༩༦༠ རེ་གྲངས་ལུ་ འབྲུག་གཞུང་གིས་ ལོ་ལྔའི་གོང་འཕེལ་འཆར་གཞི་ འགོ་བཙུགས་མི་དང་བསྟུན་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ སློབ་གྲྭ་སྒོ་ཕྱེ་ཡོདཔ་བཞིན་དུ་ ཤེས་རིག་དེ་ གོང་འཕེལ་གྱི་དོན་ལུ་ གལ་གནད་ཆེ་བའི་ ལག་ཆ་བཟུམ་ཅིག་སྦེ་ ངོས་འཛིན་འབད་མི་དེ་ཡང་ གོང་འཕེལ་དེ་ དེང་སང་གི་ མདུན་ལམ་ལུ་ ཞུགས་ནི་དང་ དེང་སང་ཤེས་ཡོན་ཟེར་མི་དེ་ ཨིང་སྐད་ནང་ གོ་དོན་སྤྲོད་ནི་ཚུ་ཨིན་པས།
དེ་ལས་ སྤྱི་ལོ་༡༩༦༡ ལས་ འབྲུག་པའི་སློབ་ཕྲུག་ཚུ་གིས་ ཀ་ལི་ཕུ་དང་ རྡོ་ཇེ་གླིང་ལས་འོང་མི་ སློབ་དཔོན་ཚུ་ལས་ ཨིང་ལིཤ་ལྷབ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ དེ་གི་ཤུལ་ལས་ རྒྱ་གར་གྱི་ ལྷོ་ཕྱོགས་མངའ་སྡེའི་ སློབ་དཔོན་ཚུ་གིས་ སློབ་སྟོན་འབད་ནུག་ཟེར་ ཁྲིམས་སྤྱི་བློན་པོ་གིས་ གསུངས་པའི་ཁར་ དེ་བསྒང་ རྒྱ་གར་གྱི་ སློབ་དཔོན་ཚུ་གིས་ འཚེར་སྣང་མེད་པར་ རྒྱལ་ཁབ་ཀྱི་ མཐའ་ཟུར་སློབ་གྲྭ་ཚུ་ནང་ ཉིན་ལམ་༢༡ ལས་ཟླཝ་༡ གི་བར་ན་ ལམ་འགྲུལ་འབད་ཐོག་ལས་ སློབ་སྟོན་འབད་ནུག་ཟེར་ གསུངསམ་ཨིན་པས།
སྤྱི་ལོ་༡༩༦༣ ལུ་ ཀེ་ན་ཌ་ལས་ ཕ་དར་མེ་ཀི་ འབྲུག་ལུ་ ལྷོད་པའི་ཤུལ་ལུ་ སློབ་ཕྲུག་ཚུ་གིས་ ཚན་རིག་དང་ རྩིས་ཀྱི་ཆོས་ཚན་ཚུ་ལྷབ་ནི་ འགོ་བཙུགས་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ འཕྲུལ་རིག་གི་ ལས་དོན་ཚུ་ཡང་ འགོ་བཙུགས་ནུག།
དེ་དང་གཅིག་ཁར་ སློབ་དེབ་ཚུ་ནང་ཡང་ ཕྱི་མི་ཚུ་གི་མིང་ དཔེར་ན་ ཇཱོན་ལས་ བསོད་ནམས་དང་ རྡོ་རྗེ་ཟེར་ བསྒྱུར་བཅོས་འབད་དེ་ འབྲུག་ལུགས་ཐོག་ བཟོ་ཡོདཔ་མ་ཚད་ འབྲུག་གིས་ སློབ་ཕྲུག་ཚུ་ ནེ་པ་ལི་དང་ ཧིན་དིའི་སློབ་གྲྭ་ཚུ་ནང་མིན་པར་ ཨིང་ལིཤ་གི་ ཤེས་ཡོན་ལུ་ གཙོ་རིམ་བཟུང་མི་ རྒྱ་གར་རྩིས་པའི་ ཕྱི་རྒྱལ་གྱི་ སློབ་གྲྭ་ཚུ་ནང་གཏང་ནི་ འགོ་བཙུགས་ནུག།
ཕ་དར་མེ་ཀི་དེ་ དང་ཕུའི་དབང་འོག་ཤེས་རིག་ལམ་ལུགས་ལས་ རྒྱལ་ཡོངས་ཤེས་རིག་ལམ་ལུགས་ནང་ ལེགས་བསྒྱུར་འབད་མི་ གཙོ་ཅན་ཅིག་ཨིན་མི་དེ་ཡང་ ཁོ་གིས་ བཀྲིས་སྒང་རྫོང་ཁག་གི་ སློབ་གྲྭ་ཚུ་ནང་དང་ དེ་གི་ཤུལ་ལས་ ཤེས་རབ་རྩེ་སློབ་གྲྭ་ནང་ ཀུན་ཚང་ཤེས་ཡོན་དང་ འབྲུག་གི་བརྩི་མཐོང་ཤེས་ཡོན་ འགོ་བཙུགས་ཅི་ཟེར་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
སྤྱི་ལོ་༡༩༧༠ དོན་གྲངས་ལུ་ ཕ་དར་མེ་ཀི་གིས་ ཤེས་རིག་ནང་ མཆོག་འགྱུར་བཟོ་ནི་ འགོ་བཙུགས་ཏེ་ བཀང་ལུང་ཤེས་རབ་རྩེ་ལུ་ སློབ་རིམ་༡༡ པ་དང་༡༢ པའི་ནང་ ཚན་རིག་ཆོས་ཚན་གཞི་བཙུགས་འབད་ནུག།

འབྲུག་གི་དེང་སང་ཤེས་ཡོན་དེ་ སྤྱི་ལོ་༡༩༡༤ ལུ་ འགོ་བཙུགས་ཞིནམ་ལས་ཚུར་ ལོ་ངོ་༡༠༠ གྱི་ནང་འཁོད་ལུ་ ལེགས་བསྒྱུར་སྦོམ་སོང་ཡོདཔ་མ་ཚད་ ཤེས་ཡོན་གྱི་ཁྱབ་ཚད་ཡང་ ཧ་ལམ་བརྒྱ་ཆ་༦༤ དེ་ཅིག་ནང་ ལྷོད་ཡོདཔ་བཞིན་དུ་ དུས་ཅི་སྤྱི་ཟླ་༥ པའི་ཚེས་༢ ལུ་ ཤེས་རིག་བརྒྱ་འཁོར་ཟེར་མི་ དེང་སང་ཤེས་ཡོན་གྱི་ སློབ་གྲྭ་གཞི་བཙུགས་འབད་དེ་ ལོ་༡༠༠ འཁོར་བའི་ དུས་སྟོན་བརྩི་སྲུང་འགོ་བཙུག་ནི་ཨིན་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།

No comments:

Post a Comment