གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཙང་ཆུ་ནང་ཐིམ་སྟེ་ ཤི་ཡོད་པའི་ དོགས་པ་ལུ་བརྟེན་ ཆ་རོགས་ཅིག་འཛིན་བཟུང་།

ཟླ་༤ པའི་ཚེས་༢༤། ༉ སྤྱི་ཟླ་༤ པའི་ཚེས་༢༢ ཀྱི་དྲོ་པ་ ཆ་རོགས་༡ དང་གཅིག་ཁར་ ཉ་བཟུང་པར་སོང་མི་ བསམ་རྩེ་རྫོང་ཁག་གི་ འཆམ་དཔོན་དེ་ ཁ་ཙ་དྲོ་པ་ དམ་དུམ་གཙང་ཆུ་ནང་ཐིམ་སྟེ་ ཤི་ཡོདཔ་སྦེ་མཐོང་ནུག།


རྫོང་ཁག་ཁྲིམས་འདུན་གྱི་ མེ་ཏོག་ལྡུམ་རའི་ལཱ་འབད་མི་ ཚེ་འདས་ཀྱི་ཆ་རོགས་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བཀོད་མིའི་ནང་ ཁོང་༢ དེ་ཚེ་ དྲོ་པའི་ཆུ་ཚོད་༦ དེ་ཅིག་ཁར་ ཁྱིམ་ནང་ལས་ཐོན་ཏེ་ བསམ་རྩེ་རྫོང་ཁག་དང་ བསམ་རྩེ་རྒེད་འོག་གི་ས་གནས་ མེ་ཅི་ཊར་༢ ཀྱི་བར་ན་ དམ་དུམ་གཙང་ཆུའི་ནང་ ཉ་བཟུང་པར་ སོང་ཡི་ཟེར་ སླབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉ་བཟུང་ནི་དེ་ ཁྲིམས་འགལ་གྱི་ལཱ་ཅིག་ཨིནམ་ལས་ ཁོང་༢ ཀྱིས་ མི་ག་ཡང་ སྡོད་མི་མེད་པའི་ གཙང་ཆུའི་རྐ་འགོ་ཁ་ཐུག་ལུ་ སོང་ནུག་ཟེར་ཨིན་པས།
ཁོང་༢ ཀྱིས་ ཉ་བཟུང་བའི་ཤུལ་ལུ་ ཉིན་མའི་ལྟོ་བཟའ་སྟེ་ ལོག་ཁྱིམ་ནང་ འགྱོ་ནི་འབདཝ་ད་ སྐྱེས་ལོ་༣༤ འབད་མི་ ཚེ་འདས་དེ་གིས་ གཙང་ཆུའི་རྐ་འགོ་ཁ་ཐུག་ལས་ཡར་ལྟ་སྟེ་ ད་རུང་ ཉ་བཟུང་པར་འགྱོ་གེ་ཟེར་ ཨུ་ཚུགས་རྐྱབ་ཡོདཔ་ད་ སྐྱེས་ལོ་༣༦ འབད་མི་ ཁོ་གི་ཆ་རོགས་དེ་གིས་ ཁ་མ་འཆམ་པར་ ཁོ་ར་ ཁྱིམ་ནང་ ལོག་འོང་ཡོདཔ་སྦེ་ ཁྲིམས་སྲུང་འགག་པ་ལུ་ སླབ་ནུག།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ དེ་བསྒང་ ཚེ་འདས་དེ་གིས་ ཆ་རོགས་དེ་ལུ་ ཁོ་ར་ རྟིང་ཤུལ་བདའ་སྟེ་ འཐོན་འོང་ཟེར་སླབ་སྟེ་ ཆུའི་རྐ་འགོའི་ལྟག་ལས་ཡར་ ཡར་སོ་ནུག་ཟེར་ཨིན་པས།
དེ་ཚེ་ཕྱི་རུ་ ཚེ་འདས་དེ་ ལོག་འོང་ནི་མེད་མི་ལུ་བརྟེན་ ཚེ་འདས་ཀྱི་ གནས་ཚང་དེ་གིས་ ཆ་རོགས་སྡོད་སར་ སོང་བའི་ཤུལ་ལུ་ ས་གནས་ཁར་ འཚོལ་བར་སོངམ་ད་ གནམ་སྲོ་བའི་ཁར་ ནགས་ཚལ་སྟུག་དྲགས་ཡོད་མི་ལུ་བརྟེན་ དེ་གི་ནངས་པར་ འཕྲོ་མཐུད་འཚོལ་ནི་སྦེ་ ལོག་འོང་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
དེ་གི་ནངས་པར་ ཚེ་འདས་ཀྱི་གནས་ཚང་དང་ ཕོ་སྐྱེས་ཆ་རོགས་དེ་གིས་ ཆ་རོགས་ཚུ་ཁྱིད་དེ་ དྲོ་པའི་ཆུ་ཚོད་༦ དེ་ཅིག་ཁར་ ས་གནས་ནང་ འཚོལ་བར་སོངམ་ད་ ཉིནམ་དེ་གི་ཧེ་མར་ ཁོང་༢ ཉིན་མའི་ལྟོ་བཟའ་ས་ལས་ དུས་ཡུན་སྐར་མ་༡༠ དེ་ཅིག་ ལམ་འགྱོ་དགོ་པའི་ ས་གནས་ཁར་ ཆུ་ནང་ཐིམ་ཡོདཔ་མཐོང་ནུག།
དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ད་ མ་གཞི་ ཕོ་སྐྱེས་དེ་གི་གཟུགས་ཁར་ རྨའི་ཤུལ་ཚུ་ ག་ཅི་ཡང་མེད་རུང་ དབྱེ་ཞིབ་ཚུ་ མཐིལ་ཕྱིན་འབད་ནི་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཨིན་རུང་ མེ་ཏོག་ལྡུམ་རའི་ ལཱ་འབད་མི་ཕོ་སྐྱེས་དེ་ ད་རེས་ནངས་པ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment