གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡུ་ཨེསི་ཨེ་ལས་ འགྲེམ་ཐོག་ཚོགས་རྒྱན་བསྐྱལ་ནིའི་ཕན་ཁྱད།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་བྱ་རིམ་ནང་ འཛམ་གླིང་ནང་འཁོད་ལུ་སྡོད་མི་ འབྲུག་མི་གང་མང་ལུ་ འབྲེལ་གཏོགས་འབད་བཅུག་ནི་གི་ ཐབས་ཤེས་བཏོན་པའི་བསྒང་ཡོད་མི་དེ་ ཟད་འགྲོ་ཚུ་ལུ་བརྟེན་ དོན་སྨིན་ཅན་ཅིག་ འབྱུང་མི་ཚུགས་ནི་བཟུམ་ཡོདཔ་ཨིན་པས།


དེ་ཡང་ ད་ལྟོ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཨེ་མི་རི་ཀ་ལུ་སྡོད་མི་ འབྲུག་མི་ཚུ་ལུ་ སྤྱི་ལོ་༢༠༡༣ གྱི་ སྤྱི་ཚོགས་ཅན་གྱི་ བཙག་འཐུའི་ནང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་ནི་གི་ ཞབས་ཏོག་སྒྲུབ་ཐབས་ལུ་ འགྲེམ་ཐོག་ཚོགས་རྒྱན་ཚུ་ འཛམ་གླིང་རྒྱལ་སྤྱིའི་ སྐྱེལ་འགྲེམ་ཞབས་ཏོག་ ཌི་ཨེཆ་ཨེལ་ལག་ལེན་འཐབ་ཐོག་ལས་ བསྐྱལ་གཏང་ནི་གི་ འོས་འབབ་ལྟ་བའི་བསྒང་ཡོདཔ་ཨིན་པས།
དེ་འབདཝ་ད་ འདི་བཟུམ་མའི་ སྐྱེལ་འགྲེམ་ཞབས་ཏོག་ཚུ་ སྤྱོད་ནིའི་དོན་ལུ་ ལྗིད་ཚད་ག་རམ་༣༥༠ དེ་ཅིག་ཡོད་མི་ འགྲེམ་ཐོག་ཚོགས་རྒྱན་རེ་ལུ་ སྐྱེལ་འཐུས་ཡུ་ཨེསི་ཌོ་ལར་༦༡ དེ་ཅིག་འབདཝ་ད་ དངུལ་ཀྲམ་༣,༠༥༠ དེ་ཅིག་དང་ ཚུར་ལོག་ལེན་ནིའི་དོན་ལུ་ ཡུ་ཨེསི་ཌོ་ལར་༧༠ དེ་ཅིག་ (དངུལ་ཀྲམ་༣,༥༠༠) གནས་དོ་ཡོདཔ་ལས་ འབྲུག་མི་༡,༠༠༠ དེ་ཅིག་ལུ་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་ནི་གི་ གོ་སྐབས་བྱིན་པ་ཅིན་ ཟད་འགྲོ་དངུལ་ཀྲམ་ས་ཡ་༦.༧ དེ་ཅིག་ གནས་ནི་ཨིན་པས།
གལ་སྲིད་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གི་དོན་ལུ་ འགོ་ཐོག་བཙག་འཐུ་དང་ སྤྱིར་བཏང་བཙག་འཐུ་སོ་སོར་ཡོད་པའི་ཁར་ བཙག་འཐུ་ལྷན་ཚོགས་ཀྱིས་ཡང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཚུ་དང་ སླ་མ་བསྲེས་བར་ ཚེས་གྲངས་སོ་སོའི་ནང་ འགོ་འདྲེན་འཐབ་ནི་གི་ གྲོས་ཐག་བཅད་པ་ཅིན་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཟད་འགྲོ་ཚུ་ གསུམ་བལྟབ་ཡར་སེང་འགྱོ་ནི་ཨིན་པས།
ད་རུང་ ཚོགས་སྡེའི་བཙག་འཐུ་དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་དང་ ཡང་ཅིན་ སྤྱིར་བཏང་བཙག་འཐུ་གང་རུང་ཅིག་ནང་ སྟབས་གཅིག་ཁར་ འགོ་འདྲེན་འཐབ་སྟེ་འབད་རུང་ སྐྱེལ་འགྲེམ་དེ་ ལྗིད་ཅན་འོང་ནི་ཨིནམ་ལས་ ཟད་འགྲོ་རང་བཞིན་གྱིས་འབད་ར་ ཡང་སེང་འགྱོ་ནི་ཨིནམ་ད་ ས་གནས་གཞུང་གི་ བཙག་འཐུའི་སྐབས་འབད་བ་ཅིན་ རྒཔོ་དང་ དམངས་མི་ ཚོགས་པ་ཚུ་གི་ ཚོགས་རྒྱན་ཆ་མཉམ་ཡིག་ཤུབས་ནང་ གཅིག་ཁར་སྦེ་ བཙུག་དགོཔ་ལས་ འབོར་ཆེ་ཏོག་ཏོ་འོང་ནི་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་འབད་བ་ཅིན་ འདི་བཟུམ་མའི་ ཞབས་ཏོག་བསྒྲུབ་ནིའི་དོན་ལུ་ རྒྱང་རིང་དང་ འགྲེམ་སྐྱེལ་ཞབས་ཏོག་ཚུ་ དུས་ཚོད་ཁར་ ལྷོད་མི་ཚུགས་ནི་དང་ མཐའན་མཇུག་ལུ་ ཚོགས་རྒྱན་ཡང་ བྱང་སྟོར་ཞུགས་ནི་གི་ ཉེན་ཁ་ཡོད་མི་ཚུ་ལུ་ བལྟ་ཞིབ་འབད་དོ་ཟེར་ཨིན་པས།
གནད་དོན་དེ་གི་ཐད་ལུ་ སྐྱེལ་འགྲེམ་ཌི་ཨེཆ་ཨེལ་གྱིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ འབྲི་ཤོག་ཚུ་ ཡུ་ཨེསི་ཨེ་ལུ་ ལྷོད་ནི་དང་ ལོག་སྟེ་འབྲུག་ལུ་ ལཱ་གི་དུས་ཚོད་ཉིན་གྲངས་༨ ཀྱི་ ནང་འཁོད་ལུ་ ལྷོད་དགོཔ་ཨིན་ཟེར་ བཙག་འཐུ་ལྷན་ཚོགས་ལས་ གློག་འཕྲིན་ཅིག་ནང་བཀོད་ནུག།
བྱ་རིམ་དེ་ཚུ་ལུ་བལྟཝ་ད་ ཟད་འགྲོ་ལྕི་དྲགས་གནས་ནི་ཨིནམ་ ཐག་ཆོད་ཨིན་རུང་ ཕྱི་རྒྱལ་ལུ་སྡོད་མི་ འབྲུག་མི་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་ནིའི་ གོ་སྐབས་བྱིན་ནི་དེ་ འོས་འབབ་ཡོདཔ་ཨིན་ན?
སྲིད་དོན་གྱི་ སོར་བསྒྱུར་ལུ་ ལྟ་རྟོག་དམ་ཟམ་འབད་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཐབས་ལམ་དེ་ ལག་ལེན་གྱི་ འོས་འབབ་ཅིག་ མི་མཐོང་པས་ཟེར་ཨིན་པས།
གཅིག་གིས་ སླབ་མིའི་ནང་ འབྲུག་མི་མང་ཤོས་ར་ ཡུ་ན་ཡེ་ཊེཊ་ཨིསི་ཊེཊ་ལུ་སྡོད་དེ་ ཡུན་རིངམོ་སོང་ཡོདཔ་མ་ཚད་ ལ་ལུ་གིས་ རྒྱལ་ཁབ་ནང་ བསྒྱུར་བཅོས་འགྱོ་མིའི་སྐོར་ལས་ ཤེས་རྟོགས་མི་འོང་ནི་ཨིནམ་ལས་ ཁོང་གིས་ དོན་དམ་ཐོག་ལས་ ཚོགས་རྒྱན་བཙུག་དགོཔ་འོང་ཟེར་ དྲི་བཀོད་ཡང་འབདཝ་ཨིན་པས།
དེ་མ་ཚད་ ཁོང་གིས་ དོན་དམ་ཐོག་ལུ་ ཚོགས་རྒྱན་བཙུགས་ཏེ་འབད་རུང་ ཁོང་ཆ་ཁྱབ་ ཕྱི་རྒྱལ་ལུ་ར་ སྡོད་ནི་ཨིནམ་ལས་ ཚོགས་རྒྱན་གྱི་ གྲུབ་འབྲས་དེ་གིས་ ཁོང་ལུ་ ཕན་ཁྱད་བྱུང་ཚུགས་ག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ལས་འཛིན་ཅིག་ནང་ གྲོས་སྟོན་པའི་ ལཱ་འབད་མི་ རྡོ་རྗེ་གིས་ སླབ་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ གོ་སྐབས་དེ་ ཨེ་མི་རི་ཀ་ལུ་ སྡོད་མི་ཚུ་ལུ་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་གཞན་ཚུ་ནང་ ལཱ་འབད་སྡོད་མི་ཚུ་ལུ་ ག་ཅི་སྦེ་ མ་བྱིནམ་ཨིན་ན་ཟེར་ཨིན་པས།
རྒྱལ་ཁབ་གཞན་ དཔེར་ན་ ཨཱསི་ཊ་ལི་ཡ་དང་ ཐའི་ལེན་ ཐ་ན་ རྒྱ་གར་ཚུ་ནང་སྡོད་མི་ འབྲུག་མི་མང་ཧད་རྫོགསཔ་ཅིག་ཡོདཔ་ལས་ དེ་ཚུ་ལུ་ཡང་ གོ་སྐབས་གནང་དགོཔ་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ ཧེ་མའི་ དྲི་བ་དྲིས་ལན་ཅིག་ནང་ གལ་སྲིད་ འབྲུག་མི་ཚུ་གིས་ རྒྱལ་ཁབ་གཞན་ཁ་ལས་ འོས་ཁུངས་ལྡན་པའི་ རྒྱུ་མཚན་དང་བཅསཔ་སྦེ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་བཙུགས་པ་ཅིན་ ཞབས་ཏོག་བྱིན་འོང་ཟེར་ བཤད་ཡོདཔ་ཨིན།
གཞུང་གི་དབུ་ཁྲིད་ བློན་ཆེན་མཆོག་གིས་ ཨེ་མི་རི་ཀ་ལུ་སྡོད་མི་ འབྲུག་མི་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ གོ་སྐབས་གནང་ནི་གི་ ཐུགས་བཞེད་གནང་ཡོདཔ་ལས་ ང་བཅས་ཀྱིས་ ཟད་འགྲོ་ཉུང་བའི་ཐོག་ལས་ ཞབས་ཏོག་སྒྲུབ་ཐབས་ལུ་ ལཱ་འབད་འོང་ཟེར་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ བཤད་ཡོདཔ་ཨིན་རུང་ འགྲེམ་ཐོག་ཚོགས་རྒྱན་གྱི་ འབྲི་ཤོག་དང་ ཡིག་ཆ་ཚུ་ ཆ་མཉམ་ར་ ཕྱི་འབྲེལ་ལྷན་ཁག་ལུ་ བསྐྱལ་ཞིནམ་ལས་ ལྷན་ཁག་གིས་ ཕྱི་འབྲེལ་དོན་གཅོད་པའི་ འགྲེམ་བེག་ཐོག་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་ཚུ་ནང་ བསྐྱལ་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ གཞུང་ཚབ་ལས་ཁང་ཚུ་གིས་ རྟགས་བཀལ་མི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ཐིམ་ཕུ་ལུ་ཡོད་མི་ ཕྱི་འབྲེལ་ལྷན་ཁག་ནང་ བསྐྱལ་ཞིནམ་ལས་ རྒྱལ་ཁབ་ནང་ ངོས་ལེན་འགོ་དཔོན་༤༧ ཡོད་མི་ཚུ་ལུ་ བགོ་བཀྲམ་འབད་ནིའི་དོན་ལུ་ འབྲུག་འགྲེམ་ལས་འཛིན་ལུ་ སྤྲོད་ནི་ཨིན་པས།
ད་ཚུན་གྱི་བར་ན་ འགྲེམ་ཐོག་ཚོགས་རྒྱན་གྱི་ གོ་སྐབས་ཚུ་ ཕྱི་རྒྱལ་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་ཚུ་ནང་ ལཱ་འབད་མི་ ཕྱི་འབྲེལ་དོན་གཅོདཔ་དང་ གཞུང་གི་དམིགས་བསལ་སྒྲིག་གཡོག་ནང་ ལཱ་འབད་མི་ དེ་ལས་ ཁོང་གི་བཟའ་ཚང་ཚུ་ལུ་ བྱིནམ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ ད་ལྟོ་ ཡུ་ཨེསི་ཨེ་ལུ་སྡོད་མི་ཚུ་ལུ་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ སྤྲོད་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོད་མི་ ནང་སྲིད་ལྷན་ཁག་ལས་ ཐོ་ཡིག་ཅིག་ བཟོ་ནི་གི་ འཆར་གཞི་བརྩམ་དོ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment