གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀག་འཛིན་ཅན་གྱི་ ས་ཁོངས་ཚུ་ནང་ ཏམ་ཁུ་འཐུང་པ་ཅིན་ ཉེས་ཆད་བཀལ་ནི།

ཟླ་༤ པའི་ཚེས་༢༣། ༉ འབྲུག་གི་ཏམ་ཁུ་དམ་འཛིན་བཅའ་ཁྲིམས་༢༠༡༠ ཅན་མ་དེ་ སྤྱི་ཚོགས་ཀྱིས་ ལེགས་བཅོས་ཐོག་ལས་ ཆ་གནས་གྲུབ་པའི་ཤུལ་ལུ་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་གིས་ ཏམ་ཁུ་འཐུང་མི་ཚུ་གིས་ ངོས་འཛིན་ཅན་གྱི་ ས་གོ་ནང་མ་གཏོགས་ ས་ཁོངས་གཞན་ཚུ་ནང་ འཐུང་མ་ཆོག་པའི་སྐོར་ལས་ གསལ་བསྒྲགས་ཚར་༣ ལྷགཔ་ཅིག་འབད་ཡི་ཟེར་ཨིན་པས།


ཨིན་རུང་ ཚུལ་མཐུན་ངོས་ལེན་མེད་པ་ལུ་བརྟེན་ ད་ལས་ཕར་ ཞིབ་དཔྱད་དམ་དམ་འབད་དེ་ ཉེས་ཆད་དང་ ཉེས་ཁྲིམས་ཚུ་ དགོངས་ཡངས་མེད་པར་ བཀལ་ནི་ཨིན་པས།
འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་གིས་ ཏམ་ཁུའི་བཅའ་ཁྲིམས་ནང་ བཀོད་དོ་བཟུམ་སྦེ་ མི་ག་ར་འབད་རུང་ ཚོང་སྡེ་ལྟེ་བ་ཚུ་དང་ མི་མང་འཛོམས་སའི་ས་གོ་ སྣ་ཚོགས་ཚོང་ཁང་ འགྲེམས་སྟོན་ཁང་ གསལ་སྟོན་ཁང་དང་ ཀ་སྦུག་གི་ས་གོ་ ཟ་སྤྱོད་ཁང་དང་ སྡོད་ཁྱིམ་ མགྱོན་ཁྱིམ་དང་གནས་ཁང་ ཉལ་ཁྱིམ་དང་ ཆང་ཁང་ ཟ་ཁང་དང་ ཚོགས་ཕྲན་ཁང་ དེ་ལས་གློག་རིག་ཡོངས་འབྲེལ་རྩེད་སའི་ ཁང་ཁྱིམ་ཚུ་ནང་ རྩ་ལས་ར་ འཐུང་མ་ཆོགཔ་ཨིན་པས།
དེ་བཟུམ་སྦེ་ སྤྲོ་ཁང་ལྟེ་བ་ནང་འབད་བ་ཅིན་ གླུ་གར་ཁང་དང་ སི་ནུ་ཀར་རྩེད་ཁང་ འཕྲོད་བསྟེན་ཁང་ རྩེད་རིགས་ལྟེ་བ་ རྩེད་ཐང་ ཡིག་ཚང་ གློག་བརྙན་ཁང་ འཁྲབ་སྟོན་ཁང་ བརྙན་འཁོར་སྟོན་ས་ དེ་ལས་ སྤྲོ་ཁང་གཞན་ཚུ་ནང་ འཐུང་མ་ཆོགཔ་ཨིན་པས།
དེ་མ་ཚད་ རྫོང་གཞིས་དང་ དགོན་སྡེ་ གསོ་བའི་འཕྲོད་བསྟེན་ཁང་ ཤེས་ཡོན་སྤེལ་ཁང་ ཆོས་སྡེ་ སྦྱོང་བརྡར་ལྟེ་བ་ དེ་ལས་ ཡིག་ཚང་ག་ར་ནང་ འཐུང་མ་ཆོགཔ་བཟུམ་སྦེ་ མི་མང་འཛོམས་སའི་ས་ཁོངས་ དཔེ་འབད་བ་ཅིན་ མི་མང་འཛོམས་འདུ་རྐྱབ་སར་དང་ ཚེས་བཅུ་དང་དགའ་སྟོན་བརྩི་སར་ སྔར་སྲོལ་གྱི་དུས་སྟོན་བརྩི་སར་ ཚོད་བསྲེ་ཁྲོམ་ འགྲུལ་སྐྱེལ་བཱསི་ནང་ན་གླ་འཁོར་བཞག་ཐང་ དེ་ལས་ གནམ་གྲུ་ཐང་ཚུ་ནང་ མི་ཆོགཔ་ཨིན་པས།
ཏམ་ཁུ་དམ་འཛིན་བཀོད་ཚོགས་ཀྱི་ཁ་ཐུག་ལས་ གསལ་བསྒྲགས་འབད་དེ་ཡོད་པའི་ ས་ཁོངས་ཚུ་ནང་ འགན་འཛིན་པ་ཚུ་གིས་ ཏམ་ཁུ་འཐུང་མ་ཆོག་པའི་ ས་ཁོངས་ཨིན་ཟེར་ བརྡ་བྱང་ཚུ་ སྦྱར་དགོཔ་མ་ཚད་ ཏམ་ཁུ་ངེས་བརྟན་ལག་ལེན་འཐབ་མ་ཆོག་པའི་ ལྟ་རྟོག་དང་ ཐབས་ལམ་ཚུ་བཏོན་ནི་ཟེར་ཨིན་པས།
འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་ལས་ ལས་རིམ་གཙོ་འཛིན་འོག་མ་ བསོད་ནམས་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ བརྡ་བརྒྱུད་ཐོག་ལས་ མི་མང་ལུ་ གསལ་བསྒྲགས་འབད་ནི་དེ་ ད་རེས་ མཇུག་ཨིནམ་ལས་ ལས་སྡེའི་འགོ་དཔོན་དང་ འགན་འཁྲི་ཡོད་མི་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་དང་ ལྟ་རྟོག་སྒྲིང་སྒྲིང་འབད་ནིའི་ ལས་རིམ་ཚུ་ འགོ་བཙུག་ནི་ཟེར་ཨིན་པས།
ཏམ་ཁུའི་བཅའ་ཁྲིམས་དེ་ ཆ་འཇོག་གྲུབ་པའི་ཉིནམ་ལས་ འགོ་བཙུགས་ཏེ་ མི་ཚུ་གིས་ ཁྲིམས་ལུ་སྣང་མེད་སྐྱུར་ཏེ་ ཁྲོམ་དང་ བཟའ་ཁང་ ཡིག་ཚང་ མི་མང་འཛོམས་སའི་ས་ཁོངས་ ག་ཏེ་ནང་ཡང་ འཐུང་དོ་ཡོད་མི་དེ་ ཉིནམ་གཅིག་བ་ཉིནམ་གཅིག་ ཡར་འཕར་འགྱོ་མི་ལུ་བརྟེན་ ཨིན་ཟེར་ བཤདཔ་ཨིན་པས།
མི་ལ་ལུ་ཅིག་གིས་འབད་བ་ཅིན་ ཏམ་ཁུའི་བཅའ་ཁྲིམས་དེ་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ ལེགས་པར་བརྩམས་ཏེ་ ཆ་འཇོག་གྲུབ་གནང་མི་དེ་ ནང་པའི་ཆོས་དང་ གསོ་བའི་ཁ་ཐུག་ལས་ ལེགས་ཤོམ་ཅིག་ཨིན་རུང་ འཐུས་མི་ལ་ལུ་ཅིག་གིས་ ངོས་ལེན་ འབད་མ་བཏུབ་མི་ལུ་ བལྟ་བ་ཅིན་ སེམས་ཕམ་བྱུངམ་མས་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ མི་ལ་ལུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཏམ་ཁུ་འཐུང་མ་ཆོག་པའི་སྐོར་ལས་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་ལས་ གསལ་བསྒྲགས་ཚུ་ བྱིན་དོ་བཟུམ་སྦེ་ ད་ཚུན་ ལས་སྡེ་འགོ་དཔོན་ཚུ་གིས་ ལྟ་རྟོག་དང་ ཞིབ་དཔྱད་ཚུ་ མ་འབད་མི་དེ་ གནད་དོན་ག་ཅི་ཨིན་ན་ ཧ་གོ་མི་ཚུགས་པས་ཟེར་ཨིནམ་མ་ཚད་ ཞིབ་དཔྱད་དང་ ལྟ་རྟོག་ཚུ་ ག་གིས་འབད་ནི་ཨིན་ན་ འཕྲལ་མགྱོགས་ར་ བཅའ་ཁྲིམས་ལྟར་དུ་ ངོས་ལེན་འབད་དགོཔ་འདུག་ཟེར་ཨིན་པས།
ད་རེས་ནངས་པ་ ཏམ་ཁུ་འཐུང་མི་ཚུ་གིས་ གཡང་ཟ་བག་ཟ་ག་ནི་ཡང་མེད་པར་ བཀག་འཛིན་ཅན་གྱི་ས་ཁོངས་ཚུ་ནང་ བཟང་ལམ་ལམ་སྦེ་ འཐུང་དོ་ཡོདཔ་ལས་ ལྟ་རྟོག་པ་ཚུ་གིས་ ཡངས་ཆག་མེད་པར་ ཉེས་ཆད་བཀལ་དགོཔ་འདུག་ཟེར་ སླབ་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ཏམ་ཁུ་འཐུང་མི་ཚུ་གིས་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་༢༠༡༠ ཅན་མ་དེ་ སྤྱི་ཚོགས་ཀྱིས་ ལེགས་བཅོས་འབད་ བརྩམས་གནང་བའི་སྐབས་ ལེ་ཤ་ར་ བསྒྱུར་བཅོས་འབད་མི་ལུ་བརྟེན་ ད་རེས་ནངས་པ་ བཅའ་ཁྲིམས་༢༠༡༡ ཅན་མའི་ དགོངས་དོན་ལས་འགལ་མི་དེ་ གནད་དོན་འདི་མེན་ན་ཟེར་ཨིན་པས།
ཏམ་ཁུ་དམ་འཛིན་བཅའ་ཁྲིམས་༢༠༡༠ ཅན་མ་དེ་ ཆ་ཤས་ཅིག་མ་གཏོགས་ བསྒྱུར་བཅོས་མ་འབདཝ་ལས་ མི་མང་གིས་ ཤེས་རྟོགས་ཀྱི་དོན་ལུ་ གསལ་བསྒྲགས་ལེ་ཤ་ར་ འབད་ཡོདཔ་ཨིན་རུང་ ལག་ལེན་འཐབ་མ་བཏུབ་ལས་ ད་ལས་ཕར་ ནགས་ཚལ་དང་ གླིང་ཁའི་ཞབས་ཏོག་ལས་ཁུངས་དང་ འབྲུག་སོ་ནམ་དང་ཟ་སྤྱོད་ཁྲིམས་དོན་དབང་འཛིན་དང་ ཚོང་འབྲེལ་ལས་ཁུངས་ འོང་འབབ་དང་ཅ་དམ་ལས་ཁུངས་ དེ་ལས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ཡང་ ལྟ་རྟོག་འབད་ནི་ཨིན་པས།
དེ་བཟུམ་སྦེ་ འབྲུག་བརྡ་དོན་དང་བརྡ་བརྒྱུད་དབང་འཛིན་དང་ འབྲུག་གི་འགག་སྡེ་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་ གཞུང་གི་སྲུང་སྐྱོབ་ལས་སྡེའི་ འགོ་དཔོན་ཚུ་གིས་ ཚོང་སྡེ་ལྟེ་བ་དང་ སྤྲོ་ཁང་ལྟེ་བ་ གཙུག་སྡེ་ མི་མང་འཛོམས་སར་ དེ་ལས་ མི་མང་སྐྱེལ་འདྲེན་ས་ཁོངས་ཚུ་ནང་ འགན་འཛིན་པ་ཚུ་གིས་ བརྡ་བྱང་ཡོད་མེད་ཚུ་ ཞིབ་དཔྱད་དང་ ལྟ་རྟོག་འབད་ཐོག་ལས་ ཉེས་ཆད་དངུལ་ཀྲམ་༡༠,༠༠༠ རེ་ བཀལ་ནི་ཨིནམ་ད་ གལ་སྲིད་ ཏམ་ཁུ་འཐུང་མ་ཆོག་པའི་ ས་ཁོངས་ཚུ་ནང་ བདའ་ཟུན་པ་ཅིན་ ཉེས་ཆད་དངུལ་ཀྲམ་༥༠༠ རེ་ བཀལ་ནི་ཟེར་ སླབ་ཨིན་པས།
འཛམ་གླིང་གསོ་བའི་ལས་འགུལ་གྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ ཏམ་ཁུ་འཐུང་མི་ མི་རློབས་ས་ཡ་༥ ཡོད་མི་ལས་ ལོ་རེ་ནང་མི་གྲངས་༦༠༠,༠༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་བཞིན་དུ་ འཛམ་གླིང་གསོ་བའི་མཁས་མཆོག་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༣༠ ལས་ ལོ་རེ་ནང་ ཏམ་ཁུ་འཐུང་མི་ ས་ཡ་༨ དེ་ཅིག་ལུ་ ཤི་རྐྱེན་འབྱུང་འོང་ཟེར་ཨིན་པས།
ཏམ་ཁུ་འཐུང་ནི་དེ་ རང་དབང་ཧྲིལ་བུམ་ཡོདཔ་ཨིན་རུང་ མ་འཐུང་མི་ཚུ་ལུ་ གནོད་པ་མེདཔ་ཅིག་ འབད་དགོཔ་གལ་ཆེ་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment