གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡངས་བ་རི་དང་ པ་ཏོང་གཡུས་ཚན་ནང་ བྱ་ནད་ཐོན་པའི་དོགས་སྣང།

ཟླ་༤ པའི་ཚེས་༢༥

བྱ་ནད་ཐོན་པའི་ དོགས་པ་ཡོད་མི་ ཡངས་བ་རི་གཡུས་ཚན།
༉ འདས་པའི་ཟླཝ་ནང་ མོང་སྒར་རྫོང་ཁག་ དགོངས་འདུ་རྒེད་འོག་གི་གཡུས་ཚན་ ཡངས་བ་རི་དང་ པ་ཏོང་༢ ནང་ ཉིནམ་༡ ལུ་ར་ བྱ་༨༧ ཤི་ཡོད་མི་དེ་ བྱ་ནད་ཐོན་པའི་ དོགས་པ་རྐྱངམ་གཅིག་མ་གཏོགས་ གཏན་འཁེལ་སྦེ་ ངོས་འཛིན་མ་བྱུང་ཟེར་ སྒོ་ནོར་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།


སོ་ནམ་ལྷན་ཁག་འོག་གི་ སྒོ་ནོར་ལས་ཁུངས་ནང་ལས་ ཌོག་ཊར་ བཀྲ་ཤིས་རྡོ་རྗེ་གིས་ སླབ་མིའི་ནང་ གཡུས་ཚན་༢ ནང་ ཁྱིམ་གུང་༡༤ དེ་ཅིག་ཡོད་མིའི་ བྱ་ཚུ་ཤི་བའི་ཤུལ་ལས་ སྒོ་ནོར་ལས་བྱེདཔ་ཚུ་ བརྟག་དཔྱད་འབད་བར་ བཏང་བའི་སྐབས་ ཁྲག་གི་དཔེ་ཚད་ཅིག་ བསྡུ་ལེན་འབད་མི་ལུ་ བརྟག་དཔྱད་འབདཝ་ད་ བྱ་ནད་ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ད་རུང་ བདུན་ཕྲག་༡ དེ་ཅིག་གི་ཧེ་མར་ ཁྲག་གི་དཔེ་ཚད་༡༦ བསྡུ་ཞིནམ་ལས་ ཚན་རིག་ཐོག་ བརྟག་དཔྱད་འབད་བའི་སྐབས་ བྱ་ནད་མེན་པའི་ གྲུབ་འབྲས་ཐོན་མི་ལུ་བརྟེན་ ད་ལྟོ་ བྱ་ནད་གཏན་འཁེལ་ཨིན་པའི་ གསལ་བསྒྲགས་འབད་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ བྱ་ཚུ་ལུ་ ཤི་རྐྱེན་བྱུང་བའི་ཤུལ་ལས་ སྒོ་ནོར་ལས་བྱེདཔ་ཚུ་གིས་ ས་ཁོངས་ནང་ སོང་ཞིནམ་ལས་ ད་རུང་ ནད་གཞི་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་ཀྱི་དོན་ལུ་ གནོད་པ་བྱུང་སའི་ ས་ཁོངས་ཚུ་ནང་ ཐད་ཀར་དུ་ སྨན་གཏོར་ཡོདཔ་མ་ཚད་ ཕར་ཚུར་འགྲོ་འགྲུལ་འབད་མི་ཚུ་ལུ་ བྱ་ཤ་དང་ བྱའི་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནི་ལས་ བཀག་ཆ་འབད་ཡི་ཟེར་ཨིན་པས།
དེ་མ་ཚད་ སྒོ་ནོར་དང་ གསོ་བའི་ལས་བྱེདཔ་སྡེ་ཚན་ཅིག་གིས་ ཡངས་བ་རི་གཡུས་ཚན་དང་ ཉེ་འདབས་ཀྱི་ས་གནས་ ངང་ལམ་གྱི་ ས་གནས་མང་ཤོས་ཅིག་ནང་ བྱ་ནད་དང་འབྲེལ་བའི་ ཉེན་ཁ་དང་ ནད་རྟགས་ དེ་ལས་ ནད་གཞི་ཐོབ་པའི་སྐབས་ དབང་འཛིན་པ་ཚུ་ལུ་ དེ་འཕྲོ་ལས་ སྙན་ཞུ་འབད་དགོ་པའི་སྐོར་ལས་ ཉིནམ་༣ གྱི་རིང་ གོ་བ་བརྡ་སྤྲོད་ལས་རིམ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྒོ་ནོར་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེ་སྦེ་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ ངང་ལམ་ཁྲོམ་ཁར་ ཤ་ཁང་ཕུད་རྡོག་༡ ཡང་ མེད་པ་ལུ་བརྟེན་ ཤ་རིགས་ཚུ་ ས་མཚམས་ཁྲོམ་སྡེ་ རང་ག་པཱ་ནི་ལས་ ཉོ་འདྲེན་འཐབ་དོ་ཡོདཔ་ལས་ ཕྱི་ཁ་ལས་ བྱ་ནད་འཐོབ་ནིའི་ཉེན་ཁ་ ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
རྒྱ་མཚོའི་གནས་ཚད་ལས་ མི་ཊར་༡༨༠ དེ་ཅིག་ལུ་ ཆགས་ཏེ་ཡོད་པའི་ ཡངས་བ་རི་དང་ པ་ཏོང་གཡུས་ཚན་༢ ནང་ ཁྱིམ་གུང་༤༦ དེ་ཅིག་ ཡོདཔ་བཞིན་དུ་ ཁྱིམ་གུང་ཕུད་རྡོག་༡ ལུ་མ་གཏོགས་ གཞན་ཆ་མཉམ་ར་ བྱ་༥ དང་༡༠ གྱི་བར་ན་ གསོ་སྐྱོང་འཐབ་དོ་ཡོདཔ་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment