གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགུ་སྐོར་རྐྱབ་མི་ ཕོ་སྐྱེས་ཅིག་འཛིན་བཟུང་།

ཟླ་༤ པའི་ཚེས་༢༥

༉ སྐྱེས་ལོ་༣༢ ལང་མི་ ཕོ་སྐྱེས་ཅིག་གིས་ འབྲུག་གནམ་གྲུ་ལས་འཛིན་ནང་ ལཱ་འབདཝ་ཨིན་ཟེར་ ཤོབ་རྐྱབ་སྟེ་ སྒེར་གྱི་ཚོང་ལཱ་འབད་མི་ ཨམ་སྲུ་ཅིག་ལས་ དངུལ་ཀྲམ་༢༣༠,༠༠༠ ལེན་པའི་ཤུལ་ལུ་ ཡུདཔ་ཐེངས་ཅིག་ནང་ར་ གར་སོང་མེད་པར་ བྱོག་ཡར་སོཔ་ཨིན་རུང་ ཟླཝ་༡ གི་རྒྱབ་ལས་ ཁྲིམས་སྲུང་འགག་པ་གིས་ ཆུ་འཛོམས་ཀྱི་ ཞིབ་དཔྱད་སྒོ་ར་ལས་ འཛིན་བཟུང་འབད་ཚུགས་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉམས་རྒུདཔ་ཨམ་སྲུ་དེ་དང་ ཕོ་སྐྱེས་༢ ཀྱི་བར་ན་ ཧེ་མ་ ངོ་ཤེས་འདྲིས་ཤེས་མེད་རུང་ འགྲུལ་འཕྲིན་ནང་ ལོ་རྒྱུས་ཚུ་ ཕར་ཚུར་བརྗེ་སོར་འབད་ནུག་ཟེར་ཨིན་པས།
དེ་ཡང་ ཉམས་རྒུདཔ་ཨམ་སྲུ་དེ་གིས་ ངོ་མ་ཤེས་མི་ ཕོ་སྐྱེས་དེ་ལུ་ འགྲུལ་འཕྲིན་མོ་བཱ་ཡེལ་ཐོག་ལས་ ལོ་རྒྱུས་སླབ་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དེ་ འབྲུག་གནམ་གྲུ་ལས་འཛིན་ནང་ ལཱ་འབདཝ་ཨིན་ཟེར་ ཤོབ་རྐྱབ་པའི་སྐབས་ མོ་གིས་ དབྱེ་ཞིབ་ག་ནི་ཡང་མ་འབད་བར་ བདེན་འཛིན་རེ་སྟེ་ མོ་ར་ལུ་ དངུལ་ཀྲམ་༢༣༠,༠༠༠ ཡོད་མི་དེ་ ཡུ་ཨེསི་ཌོ་ལར་དང་ བརྗེ་སོར་འབད་གནང་ཟེར་སླབ་ད་ ཁོ་གིས་ཡང་ ཁ་བཟེད་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་ སྤྱི་ཟླ་༣ པའི་ཚེས་༢༢ ལུ་ ཉམས་རྒུདཔ་ཨམ་སྲུ་དེ་ ཐིམ་ཕུ་གནམ་གྲུ་ལས་འཛིན་གྱི་ ཡིག་ཚང་ནང་ འགྱོ་བའི་སྐབས་ ཕོ་སྐྱེས་དེ་ རྐང་ཁྲི་གུ་ སྡོད་ནུག་ཟེར་ཨིནམ་ད་ དེ་བསྒང་ མོ་གིས་ དེ་འཕྲོ་ལས་ ཏི་རུ་བརྗེ་སོར་འབད་ནིའི་དོན་ལུ་ དངུལ་ཀྲམ་༢༣༠,༠༠༠ བཏོན་ཏེ་ ཁོ་ལུ་ སྤྲོད་ཡོདཔ་ཨིན་པས།
དེ་ལས་ ཕོ་སྐྱེས་དེ་གིས་ འབྲུག་གནམ་གྲུ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ལས་ ཡུ་ཨེསི་ཌོ་ལར་སོར་ཏེ་ འབག་འཐོན་འོང་ཟེར་སླབ་སྟེ་ སོང་བའི་ཤུལ་ལུ་ ག་དེམ་ཅིག་ སྒུག་སྡོད་རུང་ རྩ་ལས་ར་ འོང་ནི་མེདཔ་ལས་ མོ་ར་ དོགས་པ་ཆགས་ཏེ་ ཕོ་སྐྱེས་དེ་ འཚོལ་བར་འགྱོཝ་ད་ གར་སོང་མེད་པར་ཡར་སོཔ་ལས་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ མ་གཞི་ ཕོ་སྐྱེས་དེ་གིས་ ཉམས་རྒུདཔ་ཨམ་སྲུ་དེ་ ལུས་འབྲེལ་འབད་ནིའི་ དཔའ་བཅམ་ཡོདཔ་ཨིན་རུང་ ཏི་རུ་ཐོབ་ནི་དེ་གིས་ བྱོག་ཡར་སོཔ་བཟུམ་ཅིག་འདུག་ཟེར་ཨིན་པས།
ཕོ་སྐྱེས་དེ་གིས་ འབྲུགགནམ་གྲུ་ལས་འཛིན་གྱི་ ཡིག་ཚང་སྒོ་སོ་སོ་ལས་ ཐོན་སོང་སྟེ་ དེ་ཚེ་ར་ ཐིམ་ཕུ་ལས་ ཕུན་ཚོགས་གླིང་ལུ་ སོང་ཡོདཔ་མ་ཚད་ རྒྱ་འབྲུག་གི་ས་མཚམས་ ཇའི་སྒང་དང་ ཕ་ལ་ཀ་ཊ་ལུ་ སྡོད་ཡོདཔ་ཨིན་པས།
ཨིན་རུང་ ཕོ་སྐྱེས་དེ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ ཕུན་ཚོགས་གླིང་ལས་ འགྲུལ་སྐྱེལ་བཱསི་ནང་འཛུལ་ཏེ་ ཐིམ་ཕུ་ལུ་འོངམ་ད་ ཆུ་འཛོམས་ལུ་ ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་སྒོ་ར་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༣༢ ལང་མི་ ཕོ་སྐྱེས་དེ་ དགེ་སློང་བགྲེསཔ་ཅིག་ཨིནམ་མ་ཚད་ སྒེར་སྡེ་ཅིག་ནང་ ལཱ་འབད་དོ་ཡོདཔ་ད་ དགེ་བགྲེས་དེ་ ཨམ་སྲུ་དང་ ཁ་བྱལ་སྡོད་མི་ཅིག་ཨིནམ་བཞིན་དུ་ ཉམས་རྒུདཔ་ཨམ་སྲུ་དེ་ཡང་ མོ་ར་རྐྱངམ་གཅིག་སྦེ་ ཚོང་ལཱ་ཕྱམ་ཕྱིམ་རེ་ རྐྱབ་སྡོད་མི་ཅིག་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཕོ་སྐྱེས་དེ་ལུ་ ཞིབ་དཔྱད་འབད་བའི་སྐབས་ ཏི་རུ་ལེབ་༡ ཡང་ བཏོན་ནི་མིན་འདུག་ཟེར་ཨིནམ་ད་ ཨིན་རུང་ ད་ལྟོ་ ཞིབ་དཔྱད་ཚུ་འབད་བའི་བསྒང་ཡོདཔ་བཞིན་དུ་ འཕྲལ་མགྱོགས་ར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བར་ གཏང་ནི་ཨིན་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment