གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕ་གླིང་ཁྲོམ་ཁར་ སྒྲིང་ཁྱིམ་བཟོ་སྐྲུན་གྱི་ལཱ་ འགོ་བཙུགས་ཡོདཔ།

སྒྲིང་ཁྱིམ་གྱི་ བཀོད་རིས་བཟོ་ནི་རྐྱངམ་གཅིག་གི་དོན་ལུ་ར་ དངུལ་ཀྲམ་༡༦༠,༠༠༠ ལྷགཔ་ཅིག་ ཟད་འགྲོ་བཏང་དགོཔ་ཐོན་ཡི་ཟེར་ཨིན་པས།

ཕ་གླིང་ལུ་ ཚོང་པ་༢ ཀྱིས་ བཟོ་སྐྲུན་གྱི་ལཱ་ འགོ་བཙུགས་པའི་བསྒང་།
༉ ལྷུན་རྩེ་ ཕ་གླིང་ཁྲོམ་ཁར་ ད་ལྟོ་ཚུན་ ཡུན་འགྱངས་སྦེ་ལུས་མི་ ཁྲོམ་གསར་པའི་ བཟོ་སྐྲུན་གྱི་ལཱ་ཚུ་ འཕྲལ་ཁམས་ཅིག་ལས་ འགོ་བཙུགས་ཡོདཔ་ཨིན་པས།
ཁྲོམ་གསར་པའི་ནང་ ཁྲོམ་ས་ཐོབ་མི་ ཚོང་པ་བསྡོམས་༢༨ ཡོད་ས་ལས་ ད་ལྟོ་ ཚོང་པ་༧ གྱིས་ ཁྱིམ་རྐྱབ་ཆོག་པའི་ གནང་བ་ཐོབ་ཡོདཔ་ལས་ ཟླཝ་འདི་ནང་ ཚོང་པ་༢ ཀྱིས་ བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་ཡོདཔ་ཨིན་པས།



སྤྱི་ལོ་༢༠༠༧ ལུ་ འོས་འབབ་ཅན་གྱི་ ཚོང་པ་ཚུ་ལུ་ ཁྲོམ་ས་བགོ་བཀྲམ་འབད་ཡོདཔ་བཞིན་དུ་ ལག་ཁྲམ་ཚུ་ སྤྱི་ལོ་༢༠༠༩ ལུ་ ཐོབ་ཡོདཔ་ཨིན་པས།
ད་ལྟོ་ཚུན་ ཁྱིམ་བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་མ་ཚུགས་པར་ དུས་ཡུན་རིངམོ་སྦེ་ འགོར་མི་དེ་ཡང་ བཀོད་རིས་དང་འབྲེལ་བའི་ དཀའ་ངལ་ལུ་བརྟེན་ཨིན་ཟེར་ ཚོང་པ་ཚུ་གིས་ བཤདཔ་ཨིན་པས།
ཁོང་གིས་ སླབ་མི་དང་འཁྲིལཝ་ད་ བཟོ་སྐྲུན་གྱི་དོན་ལུ་ རྫོང་ཁག་གིས་གནང་མི་ བཀའ་རྒྱ་དང་འཁྲིལ་ཏེ་ སྒེར་གྱི་ བཟོ་བཀོད་འགོ་དཔོན་ཚུ་ལུ་ ཟད་འགྲོ་སྦོམ་སྤྲོད་ཐོག་ལས་ བཀོད་རིས་ཚར་༥ དེ་ཅིག་ བཟོ་བའི་ཤུལ་ལས་རྐྱངམ་གཅིག་ གཏན་འཁེལ་སོང་ཡི་ཟེར་ཨིན་པས།
ཚོང་པའི་འཐུས་ཚབ་ བསོད་ནམས་དབང་འདུས་ཀྱིས་ སླབ་མིའི་ནང་ ཁོ་གིས་ ཁོ་རའི་ སྒྲིང་ཁྱིམ་གྱི་ བཀོད་རིས་བཟོ་ནི་རྐྱངམ་གཅིག་ལུ་ར་ དངུལ་ཀྲམ་༡༦༠,༠༠༠ ལྷགཔ་ཅིག་ ཟད་འགྲོ་གཏང་དགོཔ་ཐོན་ཡི་ཟེར་ཨིན་པས།
དེ་ཡང་ རྫོང་ཁག་བདག་སྐྱོང་གིས་ ཁྱིམ་གྱི་བཀོད་རིས་༡ བཟོ་ཚརཝ་ད་ར་ ད་རུང་ སོར་དགོ་པའི་བཀའ་རྒྱ་གནང་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ ཚོང་པ་ཆ་མཉམ་གྱིས་ སྒྲིང་ཁྱིམ་གྱི་ བཀོད་རིས་བཟོ་ནི་རྐྱངམ་གཅིག་ལུ་ར་ དམའ་ཤོས་དངུལ་ཀྲམ་འབུམ་ལྷགཔ་རེ་ ཟད་འགྲོ་བཏང་བཏངམ་འོང་ཟེར་ཨིན་པས།
ཨིན་རུང་ ད་རེས་ ཧ་ལམ་ ཚོང་པ་ཆ་མཉམ་གྱི་ ཁྱིམ་གྱི་བཀོད་རིས་ཚུ་ གྲ་སྒྲིག་སོང་ཡོདཔ་བཞིན་དུ་ ལ་ལུ་ཅིག་གིས་ འཕྲལ་མགྱོགས་ར་ བཟོ་སྐྲུན་འགོ་བཙུག་ནིའི་ འཆར་གཞི་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ཆརཔ་རྐྱབ་ཤུགས་འབད་ རྐྱབ་མི་ལུ་བརྟེན་ ཕར་ཕུད་རྐྱབ་སྟེ་ཡོདཔ་ད་ ཨིན་རུང་ ཚོང་པ་མང་ཤོས་ར་ ཁྱིམ་རྐྱབ་ནི་ཨིན་ན་མེན་ན་ ཐག་བཅད་མ་ཚུགས་པར་ ཡོདཔ་ཨིན་པས།
སྒྲིང་ཁྱིམ་གྱི་ ཚད་གཞི་ཚུ་ཡང་ ཁྲོམ་གཞན་ཁའི་ ཚད་གཞི་དང་ཕྱདཔ་ད་ ལེ་ཤ་གིས་ ཆུང་ཀུ་སྦེ་ཡོདཔ་ད་ དེ་ཡང་ ཌིས་༣.༥ དང་༤ གི་བར་ན་འབད་མི་ ཁྱིམ་སའི་ནང་ སྒྲིང་ཁྱིམ་ཐོག་ཚད་༣ རྐྱབ་ཆོག་པའི་གནང་བ་ སྤྲོད་ཡོད་རུང་ སའི་དབྱིབས་དང་འཁྲིལ་ཏེ་ སྟེང་ཐོག་ལུ་ ལྗིད་མེད་མི་ ཤིང་གི་བཞི་སྐོར་རྐྱབ་སྟེ་ བཟོ་སྐྲུན་འབད་ཆོག་པའི་ གནང་བ་བྱིན་ཡོདཔ་ཨིན་པས།
དེ་ཡང་ མ་གཞི་ ཚོང་པ་མང་ཤོས་ཅིག་གིས་ ཧ་ལམ་ ཁྱིམ་གྱི་འོག་ཐོག་ བསྒྲུབ་ནིའི་རྡོ་དང་ ཤིང་ཚུ་ མཁོ་བསྒྲུབས་འབད་ཡོདཔ་ཨིན་རུང་ དེ་ལས་ཡར་ ཧེ་མ་བཟུམ་སྦེ་ ཁྱིམ་ཐོག་༡ རྐྱབ་ནིའི་དོན་ལུ་ ཇོ་བདག་ཚུ་གིས་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་ལེན་ནིའི་དོན་ལུ་ གཏའ་མ་དང་ བློ་གཏད་ཚུགས་པའི་ ཁས་ལེན་པ་ སྒྲིང་སྒྲིང་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་པས།
ང་བཅས་ལུ་ཡོད་རུང་མེད་རུང་ ཁྲོམ་ས་ཅིག་དང་ གཡུས་ཁ་ལུ་ ས་ཆ་དུམ་གྲ་ཅིག་ལས་བརྒལ་ མེད་ནི་དེ་གིས་ གཏའ་མ་ག་ཅི་ཡང་ བཙུག་ནི་མེད་ཟེར་ ཚོང་པ་ཅིག་གིས་ སླབ་ཨིན་པས།
སྒྲིང་ཁྱིམ་གྱི་ བཀོད་རིས་དང་འཁྲིལཝ་ད་ སྒྲིང་ཁྱིམ་ཚུ་ཡང་ ཨ་རྟག་ཧར་ལུགས་ཀྱི་ སྒྲིང་ཁྱིམ་བཟུམ་སྦེ་ འོག་ཐོག་གི་ ཁང་ཚན་ལོགས་༡ ཚོང་ཁང་དང་ བར་ཐོག་ དེ་ལས་ སྟེང་ཐོག་༢ ཆ་རའི་ནང་ ཉལ་ཁང་༢ དང་ སྡོད་ཁང་ དེ་ལས་ ཐབ་ཚང་དང་ གསང་སྤྱོད་རེ་ཡོད་རུང་ ཁང་མིག་ཚུ་ ཆུང་ཀུ་སྦེ་ཡོདཔ་ཨིན་པས།
བཟོ་སྐྲུན་གྱི་ལཱ་ཚུ་ མཇུག་བསྡུ་བ་ཅིན་ རྫོང་ཁག་ནང་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་དེ་ སྦོམ་སྦེ་ར་ བསལ་ཚུགས་པའི་རེ་བ་ཡོདཔ་ཨིན་པས།
འདས་པའི་དྲི་བཀོད་ནང་ ལྷུན་རྩེ་རྫོང་བདག་ ཚེ་རིང་སྐལ་བཟང་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ རྫོང་ཁག་ནང་ སྡོད་ཁྱིམ་ལངམ་སྦེ་ མེད་མི་ལུ་བརྟེན་ གནས་སོར་ཕོག་མི་ ཞི་གཡོགཔ་ཚུ་ཡང་ འོང་མ་བཏུབ་མི་ལུ་བརྟེན་ ཚོང་པ་ཚུ་ལུ་ ཁྱིམ་ཚུ་ འཕྲལ་མགྱོགས་སྦེ་ར་ རྐྱབ་དགོ་པའི་ ཨུ་ཚུགས་རྐྱབ་དོ་ཟེར་ཨིན་པས།
ད་ལྟོ་ རྫོང་ཁག་ནང་ ཞི་གཡོགཔ་དང་ ལས་འཛིན་གྱི་ ལས་བྱེདཔ་༩༠ ལྷགཔ་ཅིག་ཡོད་ས་ལས་༣༠ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ ཁྱིམ་ནང་སྡོད་དོ་ཡོདཔ་ད་ གཞན་མི་ཚུ་ རྫོང་གི་མཐའ་འཁོར་ལུ་ གནས་སྐབས་ཅིག་གི་དོན་ལུ་བཟོ་མི་ སྦ་སྒོར་ཚུ་ནང་ སྡོད་དོ་ཡོདཔ་མ་ཚད་ ད་རུང་ ཁྱིམ་མེད་པར་ རང་གི་སྤུན་ཆ་དང་ ཆ་རོགས་ཚུ་དང་གཅིག་ཁར་ སྡོད་མི་ཡང་ ཡོདཔ་ཨིན་པས།
བཟོ་སྐྲུན་གྱི་ཚུ་ མཇུག་བསྡུ་བའི་ཤུལ་ལས་ རྫོང་བལྟ་སྟེ་འགྱོ་མི་ གཞུང་ལམ་འོག་ལུ་ ས་གྱེན་ཚུ་ནང་ ཤིང་གི་ཀཝ་ཚུ་ལྷོང་སྟེ་བཟོ་མི་ སྦ་སྒོར་ཚུ་ བཤིག་གཏང་ནི་ཨིནམ་ད་ སའི་ཇོ་བདག་ཚུ་ ཁྱིམ་གྱི་བཀོད་རིས་ཆ་འཇོག་འབད་བའི་ཤུལ་ལས་ རྫོང་ཁག་གིས་ བཟོ་སྐྲུན་གྱི་དུས་ཚོད་ ཟླཝ་༡༥ བྱིན་ཡོདཔ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment