གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གཅེས་གཅེས་གསུང་སྐད་འགྲན་བསྡུར་ མཇུག་བསྡུ་ཡོདཔ།

ཨང་དང་པ་ཐོན་མི་ ཚེ་རིང་འོད་ཟེར་(གཡས་ཁ་ཐུག་)
དང་ ཨང་༢ པ་ཐོན་མི་ སྐལ་ལྡན་ཆོས་གྲགས།
ཟླ་༤ པའི་ཚེས་༢༤། ༉ འཇིགས་བྲལ་སྤྲོ་འཕེལ་ཁང་གི་ཇོ་བདག་ དངོས་གྲུབ་རྡོ་རྗེ་གིས་ འགོ་འདྲེན་འཐབ་མི་ འབྲུག་གཅེས་གཅེས་གསུང་སྐད་འགྲན་བསྡུར་དེ་ རེས་གཟའ་ཟླ་བ་ལུ་ ཐིམ་ཕུ་ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་ས་ཁོངས་ནང་སྦེ་ ཕྱི་རུའི་ཆུ་ཚོད་༦ ལས་༩ ཚུན་ དྲག་ཤོས་ཐོན་མི་༣ གྱི་བར་ན་ མཐའ་བཅད་འགྲན་བསྡུར་འབདཝ་ད་ སྐྱེས་ལོ་༨ ལང་མི་ ཚེ་རིང་འོད་ཟེར་གྱིས་ ཨང་དང་པ་ཐོན་ཏེ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༢༣༠,༠༠༠ ཐོབ་ཅི།

དངོས་གྲུབ་རྡོ་རྗེ་གིས་ ཨང་དང་པ་ཐོན་མི་ལུ་ དངུལ་འཛིན་ཅེག་
བྱིན་པའི་བསྒང་།

ཨང་༢ པ་ཐོན་མི་ འཇིགས་མེད་བློ་གསལ་གླིང་སློབ་གྲྭ་ཆུང་བའི་ སློབ་རིམ་༣ པའི་སློབ་ཕྲུག་ སྐྱེས་ལོ་༨ ལང་མི་ སྐལ་ལྡན་ཆོས་གྲགས་ཀྱིས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༣༠,༠༠༠ ཐོབ་ཡོདཔ་ད་ ཨང་༣ པ་ཐོན་མི་ དཔལ་འཁྱིལ་འབྲིང་རིམ་སློབ་གྲྭ་བར་མ་ལས་ སློབ་རིམ་༡༠ པའི་སློབ་ཕྲུག་ བསོད་ནམས་ཆོས་སྐྱིད་ཀྱིས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༩༠,༠༠༠ ཐོབ་ཅི།
འབྲུག་གཅེས་གཅེས་གསུང་སྐད་འགྲན་བསྡུར་དེ་ སྤྱི་ལོ་༢༠༡༡ གི་ ཟླཝ་༡༠ པ་ལས་ འགོ་བཙུགས་ཡོདཔ་ད་ འགྲན་བསྡུར་ནང་ ཐིམ་ཕུ་རྫོང་ཁག་ལས་ ན་གཞོན་ཨ་ལུ་༢༠ གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
འགོ་འདྲེན་པ་ དངོས་གྲུབ་རྡོ་རྗེ་གྱིས་ སླབ་མི་དང་འཁྲིལཝ་ད་ དེ་བཟུམ་མའི་ དམིགས་བསལ་གྱི་ལས་རིམ་ འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་དོན་འགྲུབ་འཐབ་ལུ་ཨིནམ་མ་ཚད་ ལྷག་པར་དུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ བཀའ་ཆེན་བཞི་ལས་ ལམ་སྲོལ་བདག་འཛིན་འཐབ་ནི་དེ་ རང་ལུགས་ཀྱི་ཞབས་ཁྲ་ གཞུང་སྒྲ་དང་ བོད་སྒྲ་འཛིན་སྐྱོང་སྤེལ་གསུམ་གྱི་དོན་ལུ་ ཨིན་ཟེར་ཨིན་པས།
མ་འོངས་པ་ལུ རྒྱལ་ཁབ་ཀྱི་ རང་དབང་རང་བཙན་དང་ སྲུང་སྐྱོབ་བདག་འཛིན་འཐབ་ནི་དེ་ འབྲུག་པའི་ ན་ཆུང་ཚུ་གི་ ལག་པར་ཨིནམ་ལས་ ན་ཆུང་ཚུ་ལུ་ དེ་བཟུམ་མའི་ གོ་སྐབས་བྱིན་ཐོག་ལས་ རང་ལུགས་ཀྱི་ཁྱད་ཆོས་བཟང་པོ་ཚུ་ལུ་ ལྕོགས་གྲུབ་ཅན་བཟོ་ནི་དང་ ན་གཞོན་ཚུ་གི་རྒྱུད་ལུ་ ཀུན་ཚང་ཤེས་ཡོན་འཐོབ་བཅུག་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
དེ་མ་ཚད་ ན་གཞོན་སློབ་ཕྲུག་ཚུ་ གནམ་དགུན་གྱི་ ངལ་གསོའི་སྐབས་ལུ་ དུས་ཚོད་འཕྲོ་བརླག་བཏང་མི་བཅུག་ནི་དང་ ཆ་རོགས་ཚུ་དང་ཁ་བསྡོམ་ཏེ་ ངན་པའི་དབང་དུ་ ཐལ་མི་བཅུག་ནི་ དེ་ལས་ ན་གཞོན་གཞན་ཚུ་ལུ་ དཔྱེ་བཟང་པོ་སྟོན་ནིའི་དོན་ལུ་ ཨིན་ཟེར་བཤད་ཅི།
འགོ་འདྲེན་པ་གིས་འབད་བ་ཅིན་ གསོལ་རས་ཐོབ་མི་ དྲག་ཤོས་༣ གྱི་གྲས་ལས་ ཨང་དང་པ་ཐོན་མི་ ཚེ་རིང་འོད་ཟེར་དེ་ འོས་འབབ་ལྡན་པའི་ཁར་ སྐད་ཀྱི་སྤུས་ཚད་དང་ རང་ལུགས་ཀྱི་ཞབས་ཁྲ་༢ ལུ་ ལྕོགས་གྲུབ་ཡང་ཡོདཔ་ཨིན་རུང་ དྲག་ཤོས་༥ ནང་ མ་ཚུད་པའི་གྲས་ལས་ སྐད་ཀྱི་སྤུས་ཚད་ཡོད་མི་དག་པ་ཅིག་ རྒྱབ་སྐྱོར་ལེགས་ཤོམ་ཐོབ་མ་ཚུགསཔ་ལས་ བློ་ཕམ་ཡོད་ཟེར་ཨིན་པས།
འབྲུག་གཅེས་གཅེས་གསུང་སྐད་ཀྱི་ དྲང་དཔོན་རྣམ་རྒྱལ་འཇིགསི་གིས་ སླབ་མི་དང་འཁྲིལཝ་ད་ ཚེ་རིང་འོད་ཟེར་དེ་ སྐད་ཀྱི་སྤུས་ཚད་ལེགས་ཤོམ་ཡོདཔ་ལས་ མི་སེར་ཚུ་གིས་ གདམ་ཁ་ལེགས་ཤོམ་རྐྱབ་སྟེ་ བཙག་འཐུ་འབད་མི་དེ་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་སླབ་ཨིན་པས།
འགྲན་བསྡུར་ནང་ ལྟོདམོ་ལྟ་མི་ སྟོང་ཕྲག་ལས་བཅད་མི་ཚུ་ལུ་ ལས་རིམ་འགོ་འདྲེན་འཐབ་མི་ཚུ་གིས་ ཐུགས་སྤྲོའི་ལས་རིམ་ཁག་དག་པ་ཅིག་ཕུལ་ཡོད་པའི་གྲས་ལས་ སྤྱི་ལོ་༢༠༠༨ ལུ་ མིང་གཏམ་ཐོན་མི་ རིན་ཆེན་རྣམ་རྒྱལ་གྱིས་ ཧེ་མའི་ ཞབས་ཁྲ་ཚུ་ འཐེན་དོ་བཟུམ་སྦེ་ ན་གཞོན་སློབ་ཕྲུག་ཚུ་གིས་ ལེའུ་བསྒྱུར་སྟེ་ སྤྱན་འབུལ་ཞུ་ཡི།
འབྲུག་ཀུན་ཕན་སློབ་གྲྭ་ཆུང་བ་ལས་ སློབ་རིམ་༣ པའི་སློབ་ཕྲུག་ ཚེ་རིང་འོད་ཟེར་གྱིས་ སླབ་མིའི་ནང་ ཁོ་ར་ ཞབས་ཁྲ་འཐེན་ནི་ལུ་ སྤྲོ་བ་སྦོམ་ཡོདཔ་ལས་ གསུང་སྐད་འགྲན་བསྡུར་གྱི་ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ཧེ་མ་ཐོབ་མ་མྱོང་བའི་ ཡོན་ཏན་དང་རིག་རྩལ་ དེ་ལས་ ཉམས་མྱོང་ཚུ་ ལེགས་ཤོམ་ཐོབ་ཅི་ཟེར་ཨིན་པས།
ཁོ་གི་ ཕམ་ཚུ་གིས་འབད་བ་ཅིན་ ཨང་དང་པའི་གསོལ་རས་ ཐོབ་མི་ལུ་བརྟེན་ ཁོ་རའི་ ཤེས་ཡོན་ལྷབ་པའི་སྐབས་ལུ་ ཟད་འགྲོ་གཏང་ནི་ཨིནམ་མ་ཚད་ ལྷག་པར་དུ་ ཤུལ་ལས་ མཐོ་རིམ་སློབ་གྲྭ་ནང་འགྱོ་ནིའི་དོན་ལུ་ གསོག་འཇོག་འབད་བཞག་ནི་ཟེར་ སླབ་ཨིན་པས།
ཁོ་གིས་ རིག་གསར་དང་ བོད་སྒྲ་༢ ཆ་ར་ འདྲན་འདྲ་འཐེན་ཚུགས་རུང་ གཞུང་སྒྲའི་ཐད་ཁར་ དུམ་གྲ་ཅིག་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ ད་རེས་ཀྱི་ ལས་རིམ་ནང་ རྒྱལ་ཁ་ག་གིས་ཐོབ་རུང་ སེམས་དགའ་ནི་མ་གཏོགས་ མ་དགའཝ་བསྐྱེད་དགོཔ་མེད་ཟེར་སླབ་ཅི།
ཨང་༢ པ་ཐོན་མི་ ཕམ་ཚུ་གིས་ སླབ་མིའི་ནང་ གསོལ་རས་འཐོབ་ནི་ལས་ བཅའ་མར་གཏོགས་ནི་དེ་ ཁག་ཆེཝ་ལས་ གོ་སྐབས་ཐོབ་མི་དེ་གིས་ར་ བསྐལ་བ་བཟང་ནུག་ཟེར་ སླབ་ཨིན་པས།

འགོ་འདྲེན་པ་ དངོས་གྲུབ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཕྲལ་མགྱོགས་ར་ མེ་ག་ཨིསི་ཊར་ཟེར་ ཐུགས་སྤྲོའི་ལས་རིམ་ཅིག་ འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ ལས་རིམ་དེ་ གཞན་དང་ཕྱདཔ་ད་ མ་འདྲཝ་ཅིག་ཨིན་ཟེར་ སླབ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

No comments:

Post a Comment