གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་སྒྱུར་ལུ་ གཙོ་རིམ་བཟུང་ཐོག་ལས་ རང་འཚོ་རང་ལྡང་བཟོ་ནི།

 རུ་པིའི་དཀའ་ངལ་ལུ་བརྟེན་ གཞུང་གིས་ ད་ཚུན་ སྣང་མེད་བཞག་མི་ སོ་ནམ་སྡེ་ཚན་ལུ་ གཙོ་རིམ་བཟུང་དགོཔ་བྱུང་ཡོདཔ།


༉ རྒྱ་གར་གྱི་ཏི་རུ་ རུ་པི་ལངམ་མེད་པའི་ དཀའ་ངལ་ལུ་བརྟེན་ སོ་ནམ་སྡེ་ཚན་ལུ་ སོ་ནམ་ཐོན་སྐྱེད་ཡར་འཕེལ་དང་ ལོ་ངོ་བཅུ་ཕྲག་དག་པ་ཅིག་གི་ཧེ་མར་བརྩམས་མི་ རང་མགོ་རང་འདྲོངས་ཀྱི་ དམིགས་ཡུལ་འགྲུབ་ནི་ལུ་ གཙོ་རིམ་བཟུང་ནི་གི་ གོ་སྐབས་ཅིག་ བྱུངམ་ཨིན་པས།
དེ་ཡང་ སོ་ནམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འབྲུག་འདི་ སྒོང་རྡོག་ཐོན་སྐྱེད་འབད་ནིའི་ནང་ རང་མགོ་རང་འདྲོངས་འགྱོ་ཡོདཔ་ཨིན་རུང་ ཟ་ཆས་གཞན་ཚུ་ མང་ཤོས་ར་ རྒྱ་གར་ལས་ ནང་འདྲེན་འཐབ་མི་ལུ་བརྟེན་ རུ་པི་ས་ཡ་ལས་བཅད་དེ་ ཟད་འགྲོ་བཏངམ་མས་ཟེར་ཨིན་པས།


ན་ཧིང་ འབྲུག་གིས་ སོ་ནམ་ཐོན་སྐྱེད་ནང་འདྲེན་ནང་ དངུལ་ཀྲམ་དུང་ཕྱུར་༤ དེ་ཅིག་ ཟད་འགྲོ་བཏང་ཡོད་མི་ལས་ འབོར་ཆེ་ཤོས་ར་ ཤ་དང་ སྒོ་ནོར་ཐོན་སྐྱེད་ ཇ་ཆས་ ཀོ་ཕི་དང་ ཇ་ ཅི་ནི་ ཚོ་ཏོ་ཚུ་གི་དོན་ལུ་ ཟད་འགྲོ་བཏང་ཡོདཔ་ཨིན་པས།
སོ་ནམ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་ཚུན་གྱི་བར་ན་ ས་ནོམ་ཐོན་སྐྱེད་ནང་འདྲེན་དེ་ ནང་འཁོད་ཐོན་སྐྱེད་ཀྱིས་ སོར་ཚབ་འབད་མ་ཚུགས་པར་ ལུས་ཡོད་མི་དེ་ཡང་ གཙོ་བོ་ར་ སོ་ནམ་གོང་འཕེལ་གྱི་དོན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་ཚུལ་ལྡན་མ་ཐོབ་ནི་དེ་གིས་ཨིན་པས།
དཔྱེ་འབད་བ་ཅིན་ འཆར་གཞི་༡༠ པའི་ནང་ སོ་ནམ་གྱི་དོན་ལུ་ འཆར་དངུལ་ཡོངས་བསྡོམས་ལས་ བརྒྱ་ཆ་༥ མ་གཏོགས་མེད་མི་དེ་ འཆར་གཞི་༩ པའི་ འཆར་དངུལ་དང་ཕྱདཔ་ད་ བརྒྱ་ཆ་༡ དེ་ཅིག་དང་ འཆར་གཞི་༨ པའི་ འཆར་དངུལ་ལས་ བརྒྱ་ཆ་༧ མར་བབས་སོང་ཡོདཔ་ཨིན་པས།
སོ་ནམ་བློན་པོ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ གསུངས་མིའི་ནང་ རུ་པིའི་དཀའ་ངལ་དེ་གིས་ འབྲུག་མི་ཚུ་ལུ་ དྲན་གསལ་འབད་བའི་ཁར་ ལྷན་ཁག་ལུ་ དོ་འགྲན་ཅན་གྱི་ གནད་དོན་ཅིག་ཨིན་རུང་ གནས་སྟངས་དེ་ སོ་ནམ་ཐོན་སྐྱེད་ཡར་སེང་གི་དོན་ལུ་ ལེགས་ཤོམ་ཅིག་ཨིནམ་ལས་ སོ་ནམ་ལྷན་ཁག་གིས་ གོ་སྐབས་ལེན་ནི་ཟེར་ཨིན་པས།
དེ་འབདཝ་ད་ འབྲུག་གིས་ ནང་འདྲེན་གནས་སྟངས་དེ་ ལེགས་བསྒྱུར་འབད་ཚུགས་ག་ཟེར་ དྲི་བ་ཞུ་བའི་ལན་ལུ་ སོ་ནམ་བློན་པོ་གིས་འབད་བ་ཅིན་ སོ་ནམ་གྱི་ ཚོང་འབྲེལ་གོ་སྐབས་ཚུ་ ཡར་སེང་འབད་བ་ཅིན་ འབད་མ་ཚུགསཔ་ཅིག་མེད་ཟེར་ཨིནམ་ད་ འཆར་གཞི་༡༠ པའི་ནང་ལས་ འགོ་བཙུགས་ཏེ་ ནང་འཁོད་ཀྱི་ ཐོན་སྐྱེད་འོས་འབབ་ཡོད་མི་ཚུ་ ངོས་འཛིན་འབད་དེ་ གཙོ་བོར་བཏོན་དོ་ཡོད་མི་དེ་ཡང་ དཔེ་འབད་བ་ཅིན་ རྒེད་འོག་༡ ནང་ལས་ ཐོན་སྐྱེད་༣ དེ་རེ་ བཏོན་ནི་དེ་ཨིན་ཟེར་ཨིན་པས།
སོ་ནམ་འགོ་དཔོན་ཚུ་གིས་ བྱའི་ཐོན་སྐྱེད་ དཔེར་ན་ སྒོང་རྡོག་གི་ཐད་ལུ་ རང་ལྡང་འགྱོ་མི་ལུ་ ཡིད་ཆེས་ཡོད་པའི་ཁར་ ཚོད་བསྲེའི་རིགས་ནང་ འཆར་གཞི་༡༡ པའི་མཇུག་ལུ་ རང་འཚོ་རང་ལྡང་གི་ དམིགས་ཡུལ་འགྲུབ་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་རུང་ ཤ་དང་ཆུམ་གྱི་ཐད་ལུ་ རང་མགོ་རང་འདྲོངས་ ག་དེ་སྦེ་ བཟོ་ཚུགས་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས།
དེ་འབདཝ་ད་ ཤའི་ཐོན་སྐྱེད་ནང་ ནང་འཁོད་ལས་ མཁོ་སྤྲོད་འབད་ཚུགས་པའི་ འོས་འབབ་ཡོད་རུང་ འབྲུག་མི་ཚུ་གིས་ སེམས་ཅན་སྲོག་གཅོད་འབད་ནི་གི་ མནོ་བསམ་མེདཔ་ལས་ འབྲུག་གིས་ ཤ་རིགས་ཚུ་ ནང་འདྲེན་འཐབ་སྟེ་ར་ སྡོད་འོང་ཟེར་ཨིནམ་ད་ ཟ་ཆས་ཚུ་གི་གྲས་ལས་ ནང་འདྲེན་མཐོ་ཤོས་ ཆུམ་དང་ སྒོ་ནོར་ཐོན་སྐྱེད་ཀྱི་ ཤུལ་ལས་ར་ ཨང་༣ པ་དེ་ ཤ་ཨིན་པའི་ཁར་ ན་ཧིང་ རྒྱ་གར་ལས་ རུ་པི་ས་ཡ་༦༢༩.༣ ལྷགཔ་ཅིག་གི་ ཤ་རིགས་ནང་འདྲེན་འབད་ཡོདཔ་ཨིན་པས།
འབྲུག་གིས་ ལྷོ་མཚམས་ཀྱི་ ས་གནས་ཚུ་ནང་ ཉ་གསོ་སྐྱོང་ལས་རིམ་ཚུ་ འགོ་བཙུགས་ཡོདཔ་ཨིན་རུང་ ཉ་དང་ བྱ་གསོ་སྐྱོང་འབད་མི་ཚུ་ལུ་ ཁ་བཏང་མི་ཡང་ ཐོན་ཡོད་ཟེར་ སོ་ནམ་བློན་པོ་གིས་ གསུངས་ཡོདཔ་ད་  ན་ཧིང་ འབྲུག་གིས་ རུ་པི་ས་ཡ་༡༦༠ དེ་ཅིག་གི་ ཉ་ཤ་ནང་འདྲེན་འབད་ཡོད་མི་དེ་ སྤྱི་ལོ་༢༠༡༠ དང་ཕྱདཔ་ད་ རུ་པི་ས་ཡ་༢༡ ཡར་སེང་སོང་ནུག་ཟེར་ཨིན་པས།
སྒོ་ནོར་ཐོན་སྐྱེད་ཀྱི་ཐད་ལུ་ ད་རེས་ནངས་པ་ ནང་འདྲེན་མཐོ་ཤོས་ཨིན་རུང་ ཧ་ལམ་ རང་མགོ་རང་འདྲོངས་འགྱོ་ནི་གུ་ ལྷོད་དེ་ཡོད་ཟེར་ཨིནམ་ད་ འབྲུག་གིས་ ན་ཧིང་ རུ་པི་ས་ཡ་༦༦༩ དེ་ཅིག་གི་ སྒོ་ནོར་ཐོན་སྐྱེད་ཚུ་ ནང་འདྲེན་འཐབ་ཡོདཔ་ཨིན་པས།
སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་ཀྱི་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་འབད་བ་ཅིན་ ཨོམ་གྱི་ཐོན་སྐྱེད་ནང་ བརྒྱ་ཆ་༥༠ རྒྱལ་ཁབ་ནང་འཁོད་ལས་ ཐོན་དོ་ཡོདཔ་ལས་ ཨོམ་དང་ མར་དར་ཚིལ་ཚུ་ རང་མགོ་རང་འདྲོངས་འགྱོ་ནིའི་ནང་ དུས་ཡུན་མངམ་མི་འགོར་ཟེར་ཨིན་པས།
སོ་ནམ་བློན་པོ་གིས་འབད་བ་ཅིན་ འབྲུག་ལུ་ ཆུམ་གྱི་ཐོན་སྐྱེད་རང་འཚོ་རང་ལྡང་བཟོ་ཚུགས་པའི་ འོས་འབབ་ཡོད་རུང་ ས་ཆ་སྒོ་དོག་དྲགས་ཡོད་པའི་ཁར་ བཟའ་སྤྱོད་འབད་བའི་ ས་ཞིང་དེ་ ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ དོ་འགྲན་ཅན་ཅིག་འབད་ར་ གནས་ཏེ་ཡོད་ཟེར་ཨིནམ་ད་ ནང་འདྲེན་འབད་མི་ ཆུམ་མང་ཤོས་ར་ རྒྱལ་ཁབ་ནང་བཏོན་མི་ ཕྱིའི་ལས་མི་ཚུ་གི་དོན་ལུ་ ལག་ལེན་འཐབ་དོ་ཡོད་པའི་ གསལ་སྟོན་འབདཝ་མས་ཟེར་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ འབྲུག་གིས་ རུ་པི་དུང་ཕྱུར་༡.༡ དེ་ཅིག་གི་ ཆུམ་ནང་འདྲེན་འབད་ཡོད་མི་དེ་ ཟ་ཆས་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིནམ་ད་ བློན་པོ་གིས་ གསུངས་མིའི་ནང་ ཆུ་ཞིང་ཚད་ཅིག་ལས་བརྒལ་མེདཔ་ལས་ འབྲུག་གིས་ ནང་འཁོད་ཀྱི་ མཁོ་འདོད་འགྲུབ་ཚུགས་པའི་ ཆུམ་ཐོན་སྐྱེད་འབད་མི་ཚུགས་ནི་ཨིན་རུང་ ཆུ་གཡུར་ཡར་སེང་ཐོག་ ད་ལྟོ་ཐོན་སྐྱེད་འབད་མི་དང་ཕྱདཔ་ད་ བརྒྱ་ཆ་༢༠ དང་༣༠ གྱི་བར་ན་ ཡར་སེང་འབད་ཚུགས་ཟེར་ཨིན་པས།
འཆར་གཞི་༡༡ པའི་ནང་ གཞུང་གིས་ ཆུམ་གྱི་ཐོན་སྐྱེད་བརྒྱ་ཆ་༦༥ དང་༧༠ དེ་ཅིག་ རང་ལྡང་བཟོ་ནི་ལུ་ གཙོ་བོར་བཏོན་ནི་ཨིན་པས།
ཚོད་བསྲོའི་ཐོན་སྐྱེད་ནང་ བརྒྱ་ཆ་༦༠ དེ་ཅིག་ རང་མགོ་རང་འདྲོངས་ཀྱི་ གནས་སྟངས་ནང་ཡོདཔ་ཨིན་རུང་ ན་ཧིང་ རུ་པི་ས་ཡ་༢༨༦ དེ་ཅིག་གི་ཚོད་བསྲེ་ ནང་འདྲེན་འབད་ཡོདཔ་ཨིན་པས།
ཚོད་བསྲེ་ཚུ་གི་གྲས་ལས་ གནས་སྟངས་ལེགས་ཤོམ་ཐོན་ཡོད་མི་དེ་ར་ ནང་འདྲེན་བ་ལྷག་པའི་ ཕྱིར་ཚོང་འཐབ་དོ་ཡོད་མི་ ཀེ་བ་རྐྱངམ་གཅིག་ཨིནམ་ད་ ཤིང་ཐོག་ཨེ་པཱལ་དང་ ཚལ་ལུ་ ཨ་ལཱན་ཅི་ཚུ་ཡང་ ནང་འཁོད་ལས་ ཧ་ལམ་ལངམ་སྦེ་ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་པས།
སོ་ནམ་བློན་པོ་གིས་འབད་བ་ཅིན་ ཚོད་བསྲེའི་ཐོན་སྐྱེད་ རང་ལྡང་བཟོ་ནིའི་དོན་ལུ་ བརྩོན་ཤུགས་ཐེབས་བསྐྱེད་དེ་ གཙོ་བོར་བཏོན་ནི་ཟེར་ཨིནམ་ད་ ད་ལྟོའི་གནས་སྟངས་དེ་ གོ་སྐབས་བཟང་པོ་ཅིག་ཨིནམ་ལས་ སོ་ནམ་པ་དང་ སོ་ནམ་ལས་ཁུངས་ཀྱིས་ ཐོན་སྐྱེད་ཡར་སེང་རྐྱབ་ཐོག་ལས་ འོང་འབབ་བཟོ་ནིའི་ནང་ ཤུགས་བཏོན་དགོཔ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ དང་པ་ར་ ལྷན་ཁག་གིས་ བརྒྱ་འཁོར་ཚོད་བསྲེ་ཁྲོམ་ཁར་ ནང་འདྲེན་འབད་ཡོད་པའི་ ཚོད་བསྲེ་ཚུ་གི་ཚབ་ལུ་ ནང་འཁོད་ཀྱི་ ཚོད་བསྲེའི་རིགས་ ཐོན་སྐྱེད་འབད་ནི་གི་ འོས་འབབ་ཚུ་ བལྟ་བའི་བསྒང་ཡོདཔ་ད་ ཚོད་བསྲེ་ཁྲོམ་ཁར་ བརྒྱ་ཆ་༥༠ དང་༦༠ དེ་ཅིག་ ནང་འདྲེན་འཐབ་མི་ ཚོད་བསྲེ་ཚུ་ འོང་དོ་ཡོདཔ་ཨིན་པས།
ནང་འཁོད་ཀྱི་ ཚོད་བསྲེ་ཚུ་ ནམ་ར་འབད་རུང་ མཁོ་འདོད་འགྲུབ་ཐབས་ལུ་ ས་ཁ་མཐོ་སའི་ས་གནས་ དཔེར་ན་ དཔལ་ལས་ལ་དང་ རྡོ་སྐྱོང་ལ་ ཕོབ་སྦྱིས་ཁ་ཚུ་ནང་ ཚོད་བསྲེ་གསོག་མཛོད་ཀྱི་ ཁྱེགས་སྒྲོམ་ཚུ་ གཞི་བཙུགས་འབད་དེ་ ཚོད་བསྲེ་ཚུ་ མེདཔ་མ་ཐལ་བར་ ལག་ལེན་འཐབ་བཏུབ་སྦེ་ བཞག་ནི་གི་ ཐབས་ལམ་ཚུ་ཡང་ བཏོན་དོ་ཡོདཔ་ཨིན་པས།
དམིགས་ཡུལ་འདི་ འགྲུབ་ཐབས་ལུ་ དང་པ་ར་ ནང་འཁོད་ཀྱི་ ཚོད་བསྲེ་ཚུ་ ཚོང་འབྲེལ་འཐབ་སའི་ གོ་སྐབས་བཟོ་དགོཔ་ད་ དེ་གི་དོན་ལུ་ སློབ་གྲྭ་དང་ གློག་མེ་ལས་འགུལ་ དེ་ལས་ སོ་ནམ་ཞིང་པ་ཚུ་གི་བར་ན་ མཉམ་འབྲེལ་གཞི་བཙུགས་འབད་དགོཔ་ཡོད་ ཟེར་ཨིན་པས།
སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་ དེ་ལས་ བསམ་རྩེ་རྫོང་ཁག་ཚུ་གི་ སོ་ནམ་ཞིང་པ་ཚུ་ལུ་ ཚོད་བསྲེ་མེ་ཊིག་ཊཱན་༡,༠༠༠ དེ་ཅིག་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་གྱི་དོན་ལུ་ བཀྲམ་སྤེལ་འབད་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ ལས་འགུལ་དེ་གིས་ཡང་ མི་སྡེའི་ཕན་ཐབས་ལུ་ ཚོད་བསྲེ་ཚུ་ ལེན་ནི་གི་ ཁེས་ལེན་འབད་ཡོད་ཟེར་ སོ་ནམ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ། 

བསམ་གཏན་ཡེ་ཤེས།

No comments:

Post a Comment